རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 18 April 2021

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེའི་སྙན་རྩོམ་ཆེད་བསྒྲིགས།

༼༡༽

འཇིག་རྟེན་མུན་གྱིས་སྒྲིབ་པའི་སྔ་ལྟས།



ཟླ་བ་ཁྲག་མཚོར་ལྷུང་བའི་སྐལ་ངན་གཅིག།
དཀར་མདངས་སྤྲིན་གྱིས་སྒྲིབ་པའི་ཚུལ་ངན་གཉིས།།
ཉི་མ་ནུབ་ཏུ་བཞུད་པའི་དུས་ངན་གསུམ།།
འཇིག་རྟེན་མུན་གྱིས་སྒྲིབ་པའི་སྔ་ལྟས་རེད།།

པདྨའི་འདབ་མ་ཟུམ་པའི་རྣམ་འགྱུར་གཅིག།
སྲོག་ཆགས་ཚང་དུ་བཞུད་པའི་གོམས་གཤིས་གཉིས།།
ཇ་མ་ཐུག་པ་སྐོལ་བའི་ལས་འགུལ་གསུམ།།
འཇིག་རྟེན་མུན་གྱིས་སྒྲིབ་པའི་སྔ་ལྟས་རེད།།

རྒན་པོ་ཤི་སྐད་རྒྱག་པའི་སྐྱོ་གདུང་གཅིག།
བྱིས་པ་ལྟོགས་སྐད་རྒྱག་པའི་ན་ཟུག་གཉིས།།
དར་མ་སྨྱོ་སྐད་རྒྱག་པའི་སྦྱོར་རྩུབ་གསུམ།།
འཇིག་རྟེན་མུན་གྱིས་སྒྲིབ་པའི་སྔ་ལྟས་རེད།།

༢༡/༠༢/༢༠༢༡


༼༢༽

ཉན་འཇོག་མེད་པའི་རྣ་བ་ཆེན་པོ་གཉིས།



རང་ལ་ཡོན་ཏན་རྡུལ་ཙམ་མེད་ན་ཡང་།།
སྨྲ་བའི་སེང་གེ་གང་དེས་རྟག་ཏུ་སྐྱོངས།།
རང་རྒྱུད་ཆགས་སྡང་གཉིས་ཀྱིས་བསླད་ན་ཡང་།།
བག་ཆགས་གཏམ་གྱི་བློ་ཁ་ཡངས་པོར་འབྱེད།།

འཕྲལ་གྱི་དགོས་མཁོར་འབད་པའི་དུས་ཡུན་དེར།།
རང་གིས་རང་ཉིད་བརྗེད་དེ་ཞེ་རེ་ཁྲེལ།།
གཞན་ངོ་བསྲུང་ཞིང་ཉིན་མཚན་འདའ་བ་ལས།།
ཡུད་ཙམ་ལྷོད་པོར་སྡོད་པའི་སྐལ་བ་བཟང་།།

རང་གཏམ་རང་ལ་ཇི་ཙམ་བཤད་ན་ཡང་།།
མཐིལ་རྡོལ་རྣ་བ་གཉིས་འདིས་ལན་མང་བསླུས།།
གཞན་ལ་ཕན་པའི་བསམ་པ་མེད་པ་འདི།།
དུས་ངན་འབྱུང་པོ་གཡོ་འཁྲུགས་མང་བས་ཡིན།།
གནོད་པའི་བསམ་པའང་མེད་པའི་གཤིས་རྒྱུད་འདི།།
མཆོག་གསུམ་བླ་མ་དམ་པའི་བྱིན་རླབས་ཡིན།།

འཇམ་པོའི་གཏམ་གྱིས་ཕལ་ཆེར་གོད་ཆེམ་ཆེམ།།
གཡོ་སྒྱུས་བསླུས་ཀྱང་མགོ་བོ་ངང་གིས་གུག།
རྩུབ་མོའི་ཚིག་གིས་ཕལ་ཆེར་སྡང་མིག་བགྲད།།
སེམས་བཟང་སྙིང་ནས་དཀར་ཡང་དགྲ་བཞིན་བརྣག།

བྱམས་དང་སྙིང་རྗེ་ཟེར་བ་གྲགས་ཆེ་རུང་།།
ཕྱོགས་ལྷུང་རྟ་ལ་གཞོན་པའི་གོམ་འགྲོས་ལ།།
ཆགས་སྡང་ལྕག་གིས་བསྐུལ་བའི་ཚུལ་ངན་གྱིས།།
དྲང་ལམ་སྲབ་སྐྱོགས་བྱེད་རྒྱུ་བརྗེད་པའི་མཐུས།།
མ་འོངས་འདམ་ལ་ཟུག་པའི་ལོ་རྒྱུས་རྩོམ།།

ཁ་འཁྱེར་ཚིག་གི་ཟེར་སྒྲོས་མང་བསྡུས་ཀྱང་།།
ནང་དོན་སྐམ་ལ་འདོན་པའི་བྱ་སྤྱོད་འདི།།
གང་ནས་འོངས་པ་ངས་ཀྱང་མ་ཤེས་ཡ།།
རྒྱང་འཕེན་གྲུབ་མཐའི་བཞེད་པར་མཐུན་མིན་ནམ།།

མེད་ཐབས་མེད་པའི་དུས་ཀྱི་ཤོག་ཧྲུལ་ཞིག།
ཀུན་གྱི་ཡིད་སེམས་འཕྲོག་པའི་ཁྱད་ཆོས་མངའ།།
དེ་དོན་མ་ཤེས་ཁོང་ནས་འཁྲུགས་པའི་དུས།།
རང་གི་རང་ཉིད་འདོམ་ལས་ཐབས་གཞན་ཅི།།

རྟོག་པའི་སྙིགས་ཆུ་རྫིང་བུར་འཁྱིལ་བ་ན།།
གཏམ་གྱི་ཡུར་ཆུ་འཛད་དུས་ཅི་ལ་འོང་།།
འོན་ཀྱང་གཏི་མུག་ལེ་ལོས་གྲོགས་བྱས་པས།།
རེ་ཞིག་གཉིད་ལ་ཡུར་ན་ཅིས་ཀྱང་བདེ།།

༠༨/༠༣/༢༠༢༡



༼༣༽

སྤོར་ཁ་བརྟགས་པ།



ཚིག་འཕྲི་ཐགས་སུ་བཏགས་པའི་སྒྱེ་སྣོད་ཅིག།
མགར་བས་ཤུགས་ཀྱིས་བརྡུངས་པའི་ཁབ་ཀྱིས་ཀྱང་།།
འཚེམ་པར་དཀའ་བའི་གནས་ཚུལ་དེ་མཐོང་དུས།།
མིག་ཟུར་གནམ་ལ་བལྟས་ནས་ཁྲེལ་དགོད་གཅིག།

ངན་སྨྲ་རླངས་པར་འཕྱུར་བའི་ཚ་ངད་དེར།།
ངོ་གདོང་རློན་ལ་སྦྱོར་བའི་དཔའ་འདུག་ཀྱང་།།
དྲང་སྲོང་ཆེན་པོའི་རྐང་ལམ་དེར་ཕྱིན་ན།།
བླུན་པོའི་མིང་བྱང་སྐེ་ལ་འཁོར་འཁོར་རེད།།

རྐན་སྒྲ་སྟོང་དུ་ཆེམ་པའི་ཡལ་འདབ་གཉིས།།
ངལ་རྒྱུ་གཏན་དུ་མེད་པའི་གཤེད་མོང་ངོམ།།
རྒན་མོ་ཁ་རྩོད་རྒྱག་པའི་སྣང་བརྙན་ལ།།
ལན་བརྒྱར་འགྲན་འདི་ཐུན་མོང་མིན་ལུགས་ཅི།།

༡༦/༠༣/༢༠༢༡



༼༤༽

ཚོར་བའི་ཁྲོད་དུ་བརླག་པ།



བདེ་བའི་རྗེས་སུ་འབྲངས་པའི་སྲང་ལམ་དེར།།
སྡུག་བསྔལ་འདྲེ་རུ་ལངས་པའི་རླུང་འཚུབ་ཅིག།
བཏང་སྙོམས་སྤྲིན་གྱི་གསེབ་ནས་མགོ་འཁོར་གཏོང་།།
ཡིད་བདེ་འཇའ་རུ་འཆར་བའི་ནམ་མཁར་ལྟས།།
ཡིད་མི་བདེ་ཡིས་ལྐོག་ནས་དུག་མདའ་འཕེན།།

བདེ་བས་ངེས་འབྱུང་དད་པ་རླུང་ལ་བསྐུར།།
སྡུག་བསྔལ་བླང་དོར་འབྱེད་པའི་ཤེས་རབ་འཕྲོག།
བཏང་སྙོམས་བརྩོན་འགྲུས་སྡོང་པོ་དུམ་བུར་བཏུབ།།
ཡིད་བདེ་ཆགས་པའི་ས་བོན་སྙིང་ལ་འདེབས།།
ཡིད་མི་བདེ་ཡིས་སྡང་བའི་ཉེར་བསྡོགས་བྱེད།།

བདེ་བ་སྡང་བར་བྱེད་པའི་དགྲ་རུ་ལྡང་།།
སྡུག་བསྔལ་གནོད་པར་བྱེད་པའི་བགེགས་སུ་འཚང་།།
བཏང་སྙོམས་བར་དུ་བྱེད་པའི་རྐྱེན་དུ་འཚུབ།།
ཡིད་བདེ་མགོ་གཡོགས་བྱེད་པའི་གདོན་དུ་རྔམ།།
ཡིད་མི་བདེ་ནི་འཁྲུགས་པའི་འབྱུང་པོར་འཁྲབ།།

ངེས་འབྱུང་ཐོ་བས་བདེ་བ་གཏུན་དུ་རྡུང་།།
ཤེས་རབ་རལ་གྲིས་སྡུག་བསྔལ་སྙིང་རྩ་གཅོད།།
སྙིང་རྗེ་མདའ་ཡིས་བཏང་སྙོམས་ཀླད་ནས་འབིགས།།
ལྷག་བསམ་མདུང་གིས་ཡིད་བདེའི་བྲང་རྩ་གཏོར།།
བྱང་སེམས་ཕུར་པས་ཡིད་མི་བདེ་སྲོག་གཅོད།།

བདེ་དང་སྡུག་བསྔལ་ཡིད་བདེ་ཡིད་མི་བདེ།།
བཏང་སྙོམས་དང་བཅས་འགོང་པོ་སྤུན་ལྔ་རྣམས།།
ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་།།
སྙིང་རྗེ་དད་པའི་ལྷ་ཚོགས་རབ་ཁྲོས་ནས།།
ཐལ་བའི་རྡུལ་དུ་བརླག་པར་མངའ་གསོལ་ལོ།།

༢༠༢༡/༠༣/༢༤ མཚན་མོ་མལ་དུ།

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།