སློབ་སྤྲུལ་ཚེ་རིང་དབང་འདུས།
སྐྱབས་གནས་བསླུ་མེད་གསུམ་དང་དངོས་རྒྱུད་ཀྱི།།
ཕྱག་བྱར་གུས་པས་བཏུད་ཅིང་ཚེ་སྲོག་གི།
རྡུལ་ཕྲན་ཕྲ་མོ་མེ་ལྕེ་ལྷབ་ལྷབ་ཀྱི།།
གོས་དམར་ལུས་ལ་བཏུམས་ཀྱང་སྲ་མཁྲེགས་ཀྱི།།
རྣམ་ཤེས་གོང་བུ་ཉིན་རེ་བསྙེམས་པའི་ཡིད།།
སྐྱེད་མོས་ཚལ་གྱི་ཨུཏྤལ་ལྟར་དུ་བཞད།།
ལུས་སེམས་གཅིག་ཏུ་མ་འདྲེས་སྐར་ཆ་རྫོགས།།
ཡུན་རིང་བསྡད་ལོང་མེད་པར་འབད་འབད་པའི།།
ལག་རྗེས་མངའ་ཐང་གཏེར་ཡང་ཀུན་དོར་ནས།།
རང་ཉིད་གཅིག་པུ་མེ་ལྷའི་ཞལ་དུ་བསྟབས།།
ཨེ་མ་འཆི་བའི་ངང་ཚུལ་ཡིད་ཐང་ཆད།།
འདས་མ་ད་ཡི་འཆར་གཞི་གཏོས་འདྲ་བརྩེགས།།
ཉིན་མཚན་འཁོར་ལོའི་བཞུད་མཚམས་དངུལ་ཆུས་བརླན།།
བསགས་པའི་རྒྱུ་ནོར་བཞུད་པའི་རྐང་རྗེས་ལྟར།།
བཞག་ཅིང་ནད་ངན་འདི་ཡིས་རང་སྲོག་ཕྲོགས།།
རྟག་པར་འཛིན་པའི་གྱོན་པ་མཐུག་དྲགས་ཤིང་།
ཡོད་ཚད་གཅེས་པར་བསྐྱངས་པའི་སྒྱུ་ལུས་ཉིད།།
མི་རྟག་རྒན་པོས་བཙན་གྱིས་བསླུས་པའི་ཚེ།།
མིག་ཆུའི་ཐིགས་ཕྲེང་འཛག་གིན་སྐྱོ་བས་མནར།།
སྐྱེས་ནས་མ་འཆི་བར་གྱི་མགྲོན་པོའི་དུས།།
ཟ་བཏུང་འདོད་ཡོན་སྒོ་ལྔར་ཚིམས་པར་མྱངས།།
ད་ནི་ནད་ངན་བཅུ་དགུའི་འཇིགས་སྐུལ་གྱིས།།
ཡོད་ཚད་སྟོན་གྱིས་བཅོམ་པའི་ལོ་འདབ་བཞིན།།
འདི་ནས་བརྩིས་པའི་སྟོང་ལོ་འགའ་ཡི་རིང་།།
ཕོ་མོ་འདྲ་མཉམ་རྩོད་ནས་ཡུན་རིང་ཕྱིན།།
ད་ནི་སྲོག་ལྡན་ཀུན་གྱི་སྙིང་ཁོང་ནས།།
ཡོད་ཚད་ཆ་མཉམ་ཡིན་པར་བསླུ་མེད་གྲུབ།།
དེ་ཡང་ཁ་བདེ་བསྡུས་གྲྭའི་ལུང་རིགས་ཀྱིས།།
ཕར་གཡོགས་ཚུར་གཡོགས་བྱས་པ་དེ་བས་མིན།།
སྲོ་མ་ཙམ་གྱི་རྡུལ་ཕྲན་ནད་འབུ་ཡིས།།
གོང་འོག་ཚང་མའི་ཚེ་སྲོག་ཆུ་བཞིན་དཀྲུགས།།
མཐོན་པོ་རྩལ་ཆེན་བཞིན་དུ་ལྡིང་བ་ཡི།།
བྱ་རྒོད་དེ་ཡང་གཤོག་སྒྲོ་ཟད་དམ་ཅི།།
དམའ་བོ་བྱི་ལ་ལྟ་བུར་འཇབ་བུ་ཡང་།།
འགག་རྩའི་འཕྲང་ལ་ཐུག་དུས་གཅིག་ཏུ་ཤེས།།
ཐམས་ཅད་ཕ་མར་བརྩི་རྒྱུའི་སློབ་གསོ་དང་།།
ཡོད་ཚད་ཆ་མཉམ་འཛིན་པའི་ལྟ་ཚུལ་ལ།།
གོ་བ་གཏིང་ཟབ་དགོས་ན་ཉི་ཤུ་ལོའི།།
འབྱུང་བ་འདི་ལ་ཅིས་ཀྱང་དྲིན་དུ་གོ།།
དེ་རིང་གཙང་བའི་ལུས་འདི་རུལ་དྲི་བྲོ།།
སང་ཉིན་རེ་བས་བཅོལ་ཡང་དུར་སར་འཁྱམས།།
གཏད་སོ་བྲལ་བའི་འཇིག་རྟེན་སྒྱུ་མའི་གྲོང་།།
མི་རྟག་ཅེས་པའི་ཚིག་འདིས་སུན་སྣང་སྐྱེས།།
སང་དང་གནངས་ཀྱི་ཕུགས་འདུན་ཐེམ་སྐས་འདི།།
སྟོང་བསམ་སེམས་སུ་གཟུགས་རིས་ཅི་བྲིས་ཀྱང་།།
ལྷགས་རླུང་ཁྲོད་ཀྱི་སྡོང་ལོའི་སྐམ་པོའི་འདབ།།
ནམ་ཞིག་གང་དུ་འཁྱམས་མིན་གདེང་ཚོད་དཀའ།།
༢༤/༠༤/༢༠༢༡
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-མི་རྟག་པ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།