༼༡༽
སྙིང་གི་ནོར་བུ།
མཇལ་བ་ཙམ་གྱིས་སེམས་ནང་དད་པ་སྐྱེས།།
བསམ་པ་ཙམ་གྱིས་སེམས་ཀྱི་སྡུག་བསྔལ་སེལ།།
འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་པོ་ཡིན།།
འཛམ་གླིང་འདིའི་ནང་སེམས་ཅན་དོན་དུ་ཕེབས།།
སེམས་ཅན་ཡོངས་ལ་ཆོས་དང་ཞི་བདེ་སྤེལ།།
བུ་ངའི་སེམས་ཀྱི་རྩ་བའི་བླ་མ་ནི།།
༧སྐྱབས་རྗེ་༧གྲུབ་དབང་པདྨ་ནོར་བུ་ཡིན།།
སེམས་ཅན་རྣམས་ནི་འཁོར་བའི་རྒྱ་མཚོའི་ནང་།།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་རྨོངས།།
ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས།།
ཉོན་མོངས་དུག་གསུམ་སེལ་བར་བྱིན་གྱིས་རློབས།།
བུ་ངའི་སེམས་ཀྱི་རྩ་བའི་བླ་མ་ཡི།།
སྐུ་ཚེ་བརྟེན་ཅིང་རི་ལས་མཐོ་བར་ཤོག།
ཐུགས་ཀྱིས་ཅི་དགོངས་ལྷུན་གྱི་འགྲུབ་པར་ཤོག།
སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་བདེ་ལེགས་ཤོག།
༠༤།༠༣།༢༠༢༡
༼༢༽
ཨ་མ་ལགས། བུད་མེད་དུས་ཆེན་བསུ།
དཀའ་སྡུག་རི་བོ་ཙམ་ཞིག་ཕྲད་རུང་།།
ཁུར་དུ་ལྕི་བའི་སེམས་འཁྲལ་བྱུང་རུང་།།
ཉིན་མཚན་གཉིས་པོ་ལྷས་མ་བསླས་ཏེ།།
ལུས་སེམས་གཉིས་ཀྱི་དཀའ་སྡུག་རི་བོ།།
བརྩོན་འགྲུས་ཐོ་བས་ཞི་བར་བྱས་སོང་།།
དཔྱིད་ཀྱི་སྤང་ལ་མེ་ཏོག་མཛེས་རུང་།།
དབྱར་ཀྱི་ཞིང་ལ་ལོ་ཏོག་ལེགས་རུང་།།
སྟོན་གྱི་གནམ་ལ་སྤྲིན་དཀར་འཁྱུགས་རུང་།།
དགུན་དུས་ཁ་བ་བུ་ཡུག་འཚུབས་རུང་།།
ཁྱེད་ཀྱི་སྡུག་སྲན་མི་འགྱུར་རྡོ་རྗེ།།
ང་དང་ཨ་ཅེ་ངེད་ཀྱི་དོན་དུ།།
རང་དོན་ལ་མོའི་རྒྱབ་ཏུ་བསྐྱུར་ནས།།
ཕ་མ་གཉིས་ཀྱི་དྲིན་ལས་ཟབ་པའི།།
བྱམས་བརྩེ་ལྟོ་དགོས་དུས་ལ་གནང་སྟེ།།
གཞན་ལས་དམན་པ་ནམ་ཡང་མ་བཟོས།།
ཨ་མ་ཁྱེད་ཀྱི་བརྩེ་བ་ཆེན་པོས།།
བདག་ལ་བསྐྱངས་བའི་བཀའ་དྲིན་བརྩེགས་མ།།
རིན་ཐང་བྲལ་བའི་ནོར་བུ་ཞིག་སྟེ།།
གང་དུ་བཙལ་ཡང་འབྱོར་ས་མེད་པ།།
ནམ་ཞིག་སེམས་ཀྱི་ཀློང་ནས་དྲན་ཡོད།།
དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོར།།
བྱམས་བརྩེའི་བདག་མོ་ཨ་མ་ཁྱེད་ལ།།
བུ་ངས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས།།
ཨ་ཤེ་དར་གྱིས་འཚམས་འདྲི་ཞུས་ཏེ།།
མྱུར་དུ་མཇལ་བའི་སྨོན་ལམ་འདེབས་སོ།།
༠༨།༠༣།༢༠༢༡
༼༣༽
ཁྱེད་ཀྱི་དཔེ་དེབ་གསར་པ་ལ་འཚམས་འདྲི་ཞུ།
ཡན་ལག་བརྒྱད་ལྡན་གྱི་པདྨ།།
རྒྱ་མཚོའི་ཁ་ནས་ཀོ་མཚར་བྱུང་།།
དྲི་ཅན་འདམ་བག་གིས་མ་བཀླུབས།།
རང་མདངས་ཉིན་རེ་ལ་ཇེ་བཟང་།།
ལོ་ཟླ་རིང་མོའི་ཕར་ནས།།
དུས་ཚོད་དེབ་ཁྲོད་དུ་སྐྱོང་བཞིན།།
ཉིན་མཚན་དབྱེར་མེད་ལ་འབུངས་པའི།།
སྨྱུག་བྲིས་བརྩེགས་མ་འདི་རྒྱལ་ལོ།།
དཀོན་པའི་དུས་ཚོད་རྣམས་སྒྲུག་ཅིང་།།
ཉལ་དུས་ཟ་དུས་ཀྱང་མ་ཚོར།།
སྐར་ཆ་རེ་རེ་ལ་བཏུས་པའི།།
སྙན་པའི་ངག་ཚིག་ལ་འདུད་དོ།།
བླ་མ་ཕ་མ་ཡི་དྲིན་ལན།།
རང་གི་ཕ་སྐད་ལ་ཞབས་འདེགས།།
སྨྱུག་ཐོགས་གསར་པ་ལ་མིག་དཔེ།།
རླབས་ཆེན་བྱ་བ་འདི་བཟང་ངོ་།།
དེ་རིང་སྤྱི་ཚོགས་ཀྱི་མདུན་དུ།།
རྐང་རྗེས་གསར་པ་ཞིག་བཞག་ཡོད།།
དོན་ལྡན་རྐང་རྗེས་ཀྱི་རི་མོར།།
སེམས་ནས་དར་དཀར་ཞིག་འབུལ་ལོ།།
༡༥།༠༣།༢༠༢༡
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-པདྨ་རྒྱལ་མཚན་གྱི་སྙན་རྩོམ་ཆེད་བསྒྲིགས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།