སྒོ་ཤེས་རབ་རྒྱ་མཚོ།
གཅིག
ཁོ་བོ་ལྷ་ལྡན་དུ་གྲྭ་སར་ཡོད་སྐབས། ཕ་ཡུལ་གྱི་གྲོགས་པོ་ཞིག་གིས་ཁ་པར་ལས་ང་ལ་བརྗེད་དཀའ་བའི་གཏམ་རྒྱུད་ཅིག་བཤད་མྱོང་། གྲོགས་པོས་བཤད་པའི་གཏམ་རྒྱུད་དེ་ནི། མདོ་སྨད་ཀྱི་དགོན་པ་ཞིག་གི་དངོས་བྱུང་གནས་ཚུལ་ཡིན་ལ། བོད་ཡུལ་གྱི་དགོན་སྡེ་སྤྱི་ལ་ཁྱབ་པའི་ཡོངས་ཁྱབ་སྣང་ཚུལ་ཞིག་ཀྱང་རེད་ཅེས་བརྗོད་ཆོག་པ་རེད།
གཏམ་རྒྱུད་ནི་འདི་སྐད་དེ། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་ཤིག་ཏུ། ངའི་གྲོགས་པོ་དེས་འཇར་མན་གྱི་གནས་སྐོར་པ་ཞིག་ཁྲིད་ནས། བོད་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོར་གྲགས་པ་ཞིག་ཏུ་ཕྱིན། བོད་ཡུལ་དུ་ཐོག་མར་སླེབས་པའི་འཇར་མན་པ་དེ་ཡང་ཡིད་ལ་སྤྲོ་བ་རབ་ཏུ་བརྟས་ནས། ཁོ་དང་མཉམ་དུ་དགོན་པར་ཚོགས་མཇལ་དུ་བསྐྱོད་པ་རེད། འཇར་མན་པ་དེ་ནི་ནང་བསྟན་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཏིང་ནས་མོས་གུས་ཆེ་བ་ཞིག་ཏུ་མ་ཟད། གསུང་རབ་དབྱིན་འགྱུར་མ་འགའ་རེ་མཇལ་མྱོང་ཡོད་པ་ཞིག་ཀྱང་ཡིན་སྐད། གང་ལྟར་ཁོ་གཉིས་དགའ་དད་ཟུང་འབྲེལ་གྱི་སེམས་དང་བཅས། དགོན་པ་དེའི་ཚོགས་ཆེན་འདུ་ཁང་དུ་འཛུལ་རྗེས། བློ་ཡུལ་ལས་འདས་པའི་ལྟད་མོ་ཞིག་གིས་འཇར་མན་པ་ཧད་སོང་།
ཨ་ཙི། འདུ་ཁང་ཆེན་མོ་དེའི་ནང་དུ། མགོ་བོ་ས་ལ་གཏུགས་པའི་དད་ལྡན་མང་པོའི་ཕྱག་མཆོད་ཀྱི་དབུས་ན། ཞི་དུལ་ཉམས་ཀྱིས་ཕྱུག་པའི་གསེར་སྐུ་མང་པོའི་སྤྱན་རས་ཀྱི་འོག་ན། དགོན་པའི་དགེ་བསྐོས་ཀྱིས་ནི་གྲྭ་པ་ཚོར་གང་བྱུང་དུ་དབྱུག་པས་རྡེག་གིན། རྣ་བར་གཟན་པའི་ཚིག་རྩུབ་སྣ་ཚོགས་མཚམས་མི་ཆད་པར་རྗོད་ཀྱིན་ཡོད་པ་རེད། རང་དབང་གི་སྤྱི་ཚོགས་དང་། དཔལ་ཡོན་གྱི་ལམ་ལུགས་འོག་འཚར་ལོངས་བྱུང་བའི་འཇར་མན་པ་དེ་ལ་མཚོན་ན། མི་ཚེ་ཧྲིལ་པོའི་ནང་མི་ལ་རྡུང་རྡེག་བྱེད་ཀྱིན་པའི་གནས་ཚུལ་དངོས་སུ་མཐོང་བ་ཐོག་མ་ཡིན་འདུག
འཇར་མན་པ་དེ་ཕ་ཡུལ་ན་ཡོད་སྐབས། བོད་ཀྱི་ཆོས་ནི་ཞི་བའི་ལྟ་གྲུབ་ཅིག་ཡིན་པར་དད་འདུན་ཟབ་དྲགས་པས་ཡིན་ནམ། བོད་ཀྱི་གྲྭ་པ་ནི་ཆོས་ལུགས་ཀྱི་སློབ་གསོས་བསྐྱངས་པར་ཡིད་སྨོན་ཆེ་དྲགས་པས་ཡིན་ནམ། གང་ལྟར་གློ་བུར་དུ་འཕྲད་པའི་གནས་ཚུལ་དེས། རང་ཉིད་ཀྱི་མིག་ལའང་ཡིད་མི་ཆེས་པའི་བློ་ཕམ་དང་ཡིད་ཆད་ངང་། མིག་མདུན་གྱི་སྣང་ཚུལ་མི་གཙང་བ་དེ་དག་རྨི་ལམ་ཡིན་ན་ཅི་མ་རུང་སྙམ་དུ་མིག་ཟུང་ཡང་ཡང་བཙུམས་པར་བཤད། འོན་ཀྱང་སེམས་སྐྱོ་བ་ཞིག་ལ། དེ་ནི་སུས་ཀྱང་བསྙོན་མི་ཐུབ་པའི་དོན་དངོས་ཤིག་ཏུ་མ་ཟད། རང་རེའི་ཁོར་ཡུག་ལ་མཚོན་ན་ནི། དྲག་རྩུབ་ཀྱི་བྱེད་ཐབས་དྲི་མ་ཅན་དེ་འདྲ་ད་རུང་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་སྤྱིར་བཏང་བ་ཞིག་ཏུ་བརྩིས་ཡོད་པ་མ་རེད་དམ།
དགོང་མོར་ངོ་མདངས་ལོག་པའི་འཇར་མན་པ་དེ་དང་ལྷན་དུ། ངའི་གྲོགས་པོ་ཡང་གོམ་ཁ་ལྗིད་ཏིག་ཏིག་གིས་མགྲོན་ཁང་ལ་ཕྱིར་སླེབས། ཅང་མ་འགོར་བར་ཉིན་བྱེད་ཀྱི་འོད་སྣང་ནུབ་རིའི་རྩེ་རུ་བསྡུས་ཤིང་། སྐར་ཚོགས་ཀྱི་འདར་འཛུམ་འོག་སྣོད་བཅུད་ཐམས་ཅད་འཇམ་ཐིང་ངེར་སོང་། ཆུ་ཚོད་ཀྱི་མདའ་རྩེ་མཚན་གུང་གི་ཨང་གྲངས་བཅུ་གཉིས་པའི་ཐོད་ལ་བབས་དུས། རྔུར་པ་ཡང་མོ་ཞིག་འཐེན་གྱིན་པའི་གྲོགས་པོ་སྔར་ནས་རྨི་ལམ་གྱི་འཇིག་རྟེན་འགྲིམས་ཟིན་ན་ཡང་། འཇར་མན་པ་ནི་ད་རུང་བསམ་གཞིགས་སྣ་ཚོགས་ཀྱི་ཀློང་ནས་ཕྱིར་འཁོར་མ་ཐུབ་པས། གཉིད་ལ་ལོངས་སྤྱོད་པའི་སྐལ་བ་ཡེ་མ་བྱུང་སྐད།
གཉིས།
གྲོགས་པོས་ཁ་པར་ལས་སྨྲས་པའི་གཏམ་རྒྱུད་དེར་ཉན་རྗེས། ང་ཡང་འཇར་མན་པ་དེ་དང་འདྲ་བར་རེ་ཞིག་འདང་རྒྱག་གི་ནང་དུ་རང་དབང་མེད་པར་ལྷུང་སོང་། འུ་ཅག་གིས་དུས་རྟག་ཏུ་ནང་ཆོས་ནི་འཚེ་མེད་ཞི་བའི་ལྟ་གྲུབ་མ་ལག་ཚང་བ་ཞིག་ཡིན་ལ། བོད་ཀྱི་དགོན་སྡེ་དག་ཏུ་ཞི་བ་ཆོས་ཀྱི་སློབ་གསོའི་ལམ་ལུགས་ཁྱད་པར་ཞིག་ཆགས་ཡོད་ཅེས་སྨྲ་ཡང་སྨྲ་ལ་སེམས་ཀྱང་སེམས་ཡོད་པ་རེད། ད་དུང་"ནུབ་ཕྱོགས་པ་ཚོར་ཕྱི་དངོས་པོའི་འཕེལ་རྒྱས་ཤིན་ཏུ་འཛོམས་པོ་ཡོད་ན་ཡང་། ནང་བསམ་པའི་ལོངས་སྤྱོད་ཀྱི་ཐད་ནས་ང་ཚོ་ལ་ཚུར་ཡིད་སྨོན་འཆོར་དགོས་པ་ཞིག་ཆགས་ཡོད།" ཅེས་ཀྱང་གསུངས་ཤིང་གསུང་གིན་པ་རེད་ཨང་།
ལོས་ཡིན། འཇར་མན་པ་དེས་ཀྱང་རང་རེའི་"བརྡ་ཁྱབ་"རྣམས་ལ་ཉན་རྗེས། དངོས་གནས་དེ་ལྟར་བདེན་དུ་སྙམ་ཞིང་དེ་ལྟར་བདེན་དུ་རེ་ནས་ས་འདིར་ཡོང་བ་མ་ཡིན་ནམ། ཁོ་དང་ཁོ་ཚོ་ཕྱི་ཡི་ལོངས་སྤྱོད་རྩོལ་སྒྲུབ་ཀྱི་འགྲན་རྩོད་དྲག་པོས་ལུས་སེམས་ངལ་ཞིང་དུབ་པས། ད་ནི་ནང་གི་ལོངས་སྤྱོད་ལ་རོལ་བའི་འཇིག་རྟེན་གང་དུ་"དོན་གྱི་ཞི་བདེ་"འཚོལ་དུ་ཡོང་བ་མ་ཡིན་ནམ། རི་ཆུ་སྟོང་ཕྲག་ཕྲེང་དུ་བསྒྲིགས་པའི་ཕ་རོལ་ནས། རྒྱ་མཚོའི་རླབས་གཉེར་ཐོལ་གྱིས་བསྐྱོད་པའི་ཕར་ངོགས་ནས། ཁོ་དང་ཁོ་འདྲ་བ་མང་པོ་ཞིག་གིས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་ཐོད་དུ་བླངས་ཏེ། རང་རེའི་ཡུལ་གྲུ་སྟེ་"མི་ཡུལ་གྱི་མཐའ་མཇུག་གི་དག་ཞིང་"འཚོལ་དུ་ལྷགས་ཚེ། "ཕྱི་ན་འབྱོར་བ་མེད་རུང་སེམས་ན་ཉམས་ལེན་ཡོད་པའི་ངོ་མཚར་"ལ་བལྟ་རུ་ཡོང་ཚེ། ཨ་ཙི། སེམས་ཀྱི་ཉམས་ལེན་ལ་སྤྱོད་ཅིང་ཞི་བའི་རིག་གནས་ཀྱི་བདག་པོ་ཡིན་ཟེར་མཁན་ཚོས་ནི། དབྱུག་རིང་རེ་བཟུང་སྟེ་གང་ཞིག་ཡིན་མདོག་གིས་གཏུམ་སྤྱོད་ཀྱི་ལས་གཙང་བ་ཅི་རིགས་སྤེལ་གྱིན་འདུག་པ་མཐོང་ལམ་དུ་སོན་ཚེ། རེ་བ་སྟོང་གི་རེ་ཐག་དུམ་བུར་ཆད་ཡོད་རྒྱུ་རེད་ཨང་།
སྐབས་རེར། གཞི་ནས་ཁོ་ཚོའི་སེམས་སུ་འུད་རྗོད་ཀྱི་ཚིག་སྐམ་དག་གིས་སྒྲོ་བཏགས་པའི་དེ་ནི། དཔེ་དེབ་ཀྱི་ནང་དུ་དང་། དྲིལ་སྒྲོག་གི་ཁྲོད་དུ་མཆིས་པ་ཙམ་ལས་མངོན་སུམ་རང་མཚན་པའི་ཁྲོད་དུ་རྙེད་ཐབས་བྲལ་ཏོ་སྙམ་དུ་ཤར་ཡོད་ངེས་རེད། དུས་ཀྱི་བུ་མོ་སྲིད་ལོ་ཉེར་གཅིག་ལ་སོན་པའི་སྐབས་འདིར། སྒེར་གྱི་རང་དབང་དང་། སྒེར་གྱི་རྩིས་ཐང་སོགས། གལ་ཆེན་པོར་བརྩི་བའི་རིན་ཐང་ལྟ་བ་འཛམ་གླིང་ཅན་དུ་གྱུར་ཏེ། ཕྱོགས་དང་ཕྱོགས་སུ་མཆིས་པའི་དཔལ་ཡོན་ལྡན་པའི་ཡུལ་གྲུ་ཁག་ཏུ་ནི། གཞན་གྱིས་གཞན་ལ་རྡུང་རྡེག་བྱེད་ཀྱིན་པ་སོགས་ཀྱི་གནས་ཚུལ་ཧ་ལམ་མཐོང་རྒྱུ་མེད་པར་མ་ཟད། གང་བྱུང་དུ་ཚིག་རྩུབ་དྲག་པོ་ཞིག་བརྗོད་ནའང་ཁྲིམས་ཀྱི་སྟངས་འཛིན་གྱི་ཡོད་པ་རེད། འོན་ཀྱང་། རང་ངོ་མ་ཟིན་ཞིང་གཞན་ངོ་མ་མཐོང་བའི་འུ་ཅག་གིས་ནི། དབྱུག་པས་སྐོར་རྡུང་བྱས་པར་"སྒྲིག་ལམ་དོ་དམ་"དང་། མི་གཞི་དམའ་འབེབས་བྱས་པར་"ཚོགས་གཏམ་གཏོང་བ་"སོགས་ཀྱི་མིང་སྙན་པོ་རེ་བཏགས་ནས། དེ་དག་དགོས་ངེས་རྒྱུན་ལྡན་གྱི་ལས་ཤིག་ཏུ་བརྩིས་ཤིང་རྩི་བཞིན་པ་ནི། ཤིན་ཏུ་ཡིད་སྐྱོ་འོས་པའི་ཀླ་ཀློའི་ངང་ཚུལ་ཁོ་ན་ཞིག་མ་ཡིན་གྲང་།
རྒྱ་ནག་པ་ཡུས་ཅེས། "རྗེས་ལུས་ལ་འཇིགས་མི་དགོས་ཏེ། རྗེས་ལུས་ཡར་རྒྱས་སུ་བརྩིས་པ་ནི་ཆེས་འཇིགས་པའི་གནས་སོ།།" ཞེས་པ་འདི་ལས་བདེན་པ་ཞིག་གང་ན་ཡོད། ཡ་ང་བའི་སྣང་ཚུལ་དེ་འདྲ་བ་དག་ཀྱང་ཅི་མི་སྙམ་པར་བཏང་སྙོམས་སུ་བཞག་ནས། ད་དུང་ང་ཚོ་ལ་ཡུལ་ལུང་གཞན་དག་དང་མི་འདྲ་བའི་སེམས་ཀྱི་ཉམས་ལེན་དང་། ཞི་བའི་སྤྱོད་མཆོག་ཅིག་མངའ་ཞེས་བརྗོད་ན་ནི། གཞན་དག་གད་མོའི་གཏམ་དུ་འགྱུར་ངེས་ཨང་།
ཐུགས་རྗེའི་བདག་ཉིད་སྟོན་པ་བཀའ་དྲིན་ཅན་གྱིས། བཅས་ལྡན་དགེ་སློང་གིས་ཕན་ཚུན་རྩེད་མོའི་ཕྱིར་རྩ་འཇག་མ་གཅིག་གིས་གཞུས་པ་ཙམ་ལ་ཡང་། "རྡེག་པའི་ལྟུང་བྱེད་"ཀྱི་བཅས་པ་མཛད་ཡོད་ནའང་། ཆོས་སྲིད་མཉམ་བསྲེས་ཀྱི་ལོ་རྒྱུས་དང་། ལོ་རྒྱུས་དེས་བསྐྱེད་པའི་བག་ཆགས་རྙིང་རུལ་དག་གིས་ནི། "ཚོགས་ཆེན་ཞལ་ངོས་མི་བསད་ན་མི་ཤ་མི་དགོས་''པའི་དབང་ཆ་སྦྱིན་མྱོང་བར་མ་ཟད། གཅར་རྡུང་དྲག་རྩུབ་ཀྱི་ལས་མང་པོ་ཞིག་ལ་ཡང་"བསྟན་པ་འཛིན་པའི་ཐབས་"ཞེས་སུ་བརྗོད་ཅིང་བསྔགས་ཡོད་པ་རེད། ངེས་དོན་ཆོས་ཀྱི་བཤེས་གཉེན་དག་གིས་"མདོར་ན་ཆོས་ནི་མི་འཚེ་བ།།" ཞེས་ཞི་བའི་ལྟ་སྤྱོད་ཀྱི་ལེགས་བཤད་བྲག་རི་བཞིན་བརྩིགས་མྱོང་ནའང་། ནང་ཆོས་ཀྱི་རྒྱུན་ཤེས་དང་མི་ལྡན་པའི་ང་ཚོས་ནི། "དགེ་བསྐོས་ཀྱིས་དབྱུག་པས་བརྡུངས་ན་སྡིག་པ་འདག་"པའི་གཏན་ཚིགས་ལ་ཡིད་ཆེས་བྱས་ཏེ། དྲག་རྩུབ་ཀྱི་བྱ་སྤྱོད་མི་གཙང་བ་དག་ཀྱང་ཆོས་ཀྱི་ཉམས་ལེན་ཞིག་ཡིན་རབས་སྨྲས་ནས་རང་སེམས་རང་གིས་གསོས་ཡོད་པ་རེད། བོད་ཀྱི་ནང་བསྟན་པའི་སྡེ་ཡིས་ཀྱང་། འཆི་ལ་ཉེ་བའི་དབུགས་རྟ་རྔ་ཙམ་པོ་དེ་ད་དུང་ཆད་པར་མི་འདོད་ན། ད་ནི་མིག་གིས་རྒྱང་ལ་བལྟས་ཤིང་། རྣ་བས་ཕྱོགས་ལ་ཉན་ཏེ། ཐབས་ཀྱི་སྒོ་སྣ་ཚོགས་ནས་ལས་སྒོ་ཕྲ་རགས་ཅི་ཞིག་ཡིན་རུང་ཡུལ་དུས་ཀྱི་ཁྱད་ཆོས་ལ་མཐུན་ཞིང་། ཆོས་ཀྱི་རྩ་དོན་དང་མི་འགལ་བའི་ལམ་ལུགས་རེ་འཚོལ་རྒྱུ་གལ་ཆེ་བ་ཡིན་ནོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-རེ་ཐག་ཆད་པའི་ཕྱི་གླིང་པ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།