རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 23 May 2021

«གང་ན་ཡོད།»མགྱོགས་བྲིས་མ།

གངས་སེང་དཀར་མོ། 


ནད་དང་མུ་གེ་འཐོན་ཉིན་ཅི་ཡང་མེད།།
ས་ཡོམ་ཆུ་ལོག་བསླེབས་ཉིན་ཅི་ཡང་མེད།།
སྡུག་གི་མུན་པ་འཐིབས་ཀྱང་ཅི་ཡང་མེད།།
མཐོང་བ་མེད་པའི་སྐྱབས་དེ་གང་ན་ཡོད།།

མ་ཉེས་ཁ་གཡོག་འཕོག་ཉིན་ཅི་ཡང་མེད།།
ཉེས་མེད་བཙོན་ལ་བདའ་ཉིན་ཅི་ཡང་མེད།།
ས་ཁད་མིག་ཆུས་བཤལ་ཡང་ཅི་ཡང་མེད།།
གསོལ་བ་འདེབས་སའི་སྐྱབས་དེ་གང་ན་ཡོད།།

མདའ་ཆེན་ཆར་བཞིན་འབབ་ཉིན་ཅི་ཡང་མེད།།
བཙན་པོས་དབང་ཡོད་བྱེད་ཉིན་ཅི་ཡང་མེད།།
མི་སྲོག་འབེན་ལ་བཞག་ཀྱང་ཅི་ཡང་མེད།།
འཆི་ཁར་གཟིགས་པའི་སྐྱབས་དེ་གང་ལ་ཡོད།།

རྒྱ་མཚོའི་རླབས་ཀྱིས་དྲིལ་ཉིན་ཅི་ཡང་མེད།།
མེ་དཔུང་གནམ་ལ་འཕྱུར་ཉིན་ཅི་ཡང་མེད།།
མི་རོའི་བམ་མཁར་བརྩིགས་ཀྱང་ཅི་ཡང་མེད།།
མཆོད་མཆོད་ཁ་ཡི་སྐྱབས་དེ་གང་ན་ཡོད།།

ནད་པ་མལ་སར་ལྷུང་ཉིན་ཅི་ཡང་མེད།།
མི་ཤི་རྟ་འགྱེལ་འབྱུང་ཉིན་ཅི་ཡང་མེད།།
ས་གནམ་ཅིག་ཅར་རྡིབ་ཀྱང་ཅི་ཡང་མེད།།
ཐུགས་རྗེ་ཅན་གྱི་སྐྱབས་དེ་གང་ན་ཡོད།།

བྱུར་གྱི་གོད་ཁ་ལྡང་ཉིན་ཅི་ཡང་མེད།།
རྐྱེན་དང་ཆག་སྒོ་བུད་ཉིན་ཅི་ཡང་མེད།།
བརྒྱ་བརྒྱ་སྟོང་སྟོང་བོས་ཀྱང་ཅི་ཡང་མེད།།
གླེགས་ཐག་བར་གྱི་སྐྱབས་དེ་གང་ན་ཡོད།།

གངས་ཐང་ཁྲག་གིས་འགེབ་ཉིན་ཅི་ཡང་མེད།།
ལྷ་ཁང་བདུད་ཀྱིས་གཞོམ་ཉིན་ཅི་ཡང་མེད།།
ལོ་བསྒྲུབས་ཟླ་བསྒྲུབས་ཞུས་ཀྱང་ཅི་ཡང་མེད།།
བྱིན་རླབས་ཅན་གྱི་སྐྱབས་དེ་གང་ན་ཡོད།།

༢༠༢༡/༥/༢༡

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།