༼༡༽
དད་པའི་མེ་ཏོག
ཨ་འདུས་སྐལ་བཟང་རྒྱ་མཚོ།
ལྗོན་པའི་དབང་པོ་བྱང་ཆུབ་ཤིང་དྲུང་དེར།།
རྡོ་རྗེའི་ཏིང་འཛིན་གདན་དུ་བྱས་པ་ན།།
མི་འཇིགས་རྣམ་བཞིའི་གཙང་པོ་གཞིབས་པ་ཡི།།
བསམ་གཞིགས་རེ་རེའི་འོད་ཀྱིས་ཉོན་མོངས་སངས།།
ཏིང་འཛིན་རེ་རེའི་ངོགས་ནས་ཤེས་རབ་རྒྱས།།
ཐབས་ཤེས་ཟུང་གིས་བདུད་དཔུང་མ་ལུས་བཅོམ།།
སྲིད་ཞིའི་ཡོན་ཏན་མ་ལུས་ཁྱོད་ལ་ལྡན།།
ཚོགས་གཉིས་ཤེས་བྱའི་སྐར་ཚོམ་རྒྱན་དུ་བཏགས།།
དོན་གཉིས་ཀུན་དའི་ཚལ་ཆེན་དབང་དུ་བསྡུས།།
བདེན་གཉིས་བསིལ་ཟེར་ཕྱོགས་བཅུར་འགྱེད་པ་ཡི།།
སྐུ་གཉིས་དུང་གི་ཟླ་བ་ཚེས་པ་ན།།
སྨིན་མཚམས་མཛོད་སྤུའི་འོད་དཀར་བྱིན་དུ་ཆགས།།
ཕྱག་ཞབས་འཁོར་ལོའི་སྨིན་དྲུག་ལྷང་ངེར་བཀྲ།།
དབུ་ཡི་གཙུག་ཏོར་སྐུ་ཡི་འོད་སྣང་སོགས།།
ངོ་མཚར་མཚན་དཔེ་འབུམ་གྱིས་མཛེས་དེར་འདུད།།
ཤེས་རབ་སྤྱན་གྱིས་འགྲོ་འདི་བོར་མ་མྱོང་།།
བརྩེ་བའི་ཐུགས་རྗེས་མ་རྣམས་བརྗེད་མ་སྤོབས།།
ཁྱེད་ཀྱི་ཞབས་རྗེས་འོད་དུ་འཚེར་བའི་རླབས།།
ལན་གཅིག་དྲན་པའི་སྐལ་བ་བདག་ལ་ཐོབ།།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་ཨ་འདུས་པས་སྨོན་པའོ།།
༼༢༽
«སྟོན་པ་བཀའ་དྲིན་གྱི་འཁྲུངས་སྐར་བསུ།»
ལམ་བཟང་པོ།
ཞབས་པདྨོ་ལུམ་བིའི་སྐྱེད་ཚལ་དུ་བཀོད་པ།།
ལུས་བཀའ་ཐུབ་ཆུ་ཀླུང་འགྲམ་ངོགས་སུ་སྤྱད་པ།།
སེམས་དེ་ཉིད་བྱང་ཆུབ་ཤིང་དྲུང་ནས་རྙེད་པ།།
ཆོས་བདེན་བཞི་དྲང་སྲོང་ནགས་ཀློང་དུ་བསྐོར་བ།།
ཡེ་གདོད་མའི་དབྱིངས་སུ་ཆོས་སྐུ་ཡི་བདག་ཉིད།།
གནས་འོག་མིན་ཞིང་ཁམས་ལོངས་སྐུ་ཡི་རྣམ་རོལ།།
ཡུལ་འཛམ་བུ་གླིང་དུ་གཟུགས་སྐུ་ཡི་སྤྲུལ་པ།།
སྐྱབས་སྐུ་གསུམ་སྐུ་འདུས་མགོན་པོ་ཁྱེད་འདུད་དོ།།
ཡུལ་མཐའ་འཁོབ་ཡིན་པ་འཁོར་བ་ཡི་ཐང་ཆེན།།
མི་བློ་གྲོས་མེད་པ་ཤིང་ནགས་ཀྱི་དམུ་རྒོད།།
སེམས་ཐ་རྒོད་ཤོར་བ་ཉོན་མོངས་ཀྱི་ཞིང་སར།།
ལས་མི་དགེའི་རྩྭ་ངན་མུ་མཐའ་མེད་འབྱམ་དུས།།
ཁྱེད་སྙིང་བརྩེའི་སྤྱན་རས་གཡོ་མེད་དུ་གཟིགས་ཏེ།།
ཐབས་མཁས་པའི་མཛད་པ་བཅུ་གཉིས་ཀྱི་ཐུགས་རྗེས།།
དོན་མ་ནོར་ཡང་དག་ལམ་བུ་རེ་སྟོན་ཡོད།།
དེ་བསམས་ན་བཀའ་དྲིན་སྙིང་དབུས་ནས་དྲན་ཡོང་།།
ཡུལ་མུན་པའི་གླིང་གི་ཉི་མ་ནི་ཁྱེད་ཡིན།།
འོད་བརྒྱ་སྟོང་ཟེར་གྱིས་མཐོང་ལམ་ཀུན་བསལ་བ།།
སྲོག་གནས་ཚད་ཀུན་སྙོམས་བྱམས་བརྩེ་ཡིས་སྐྱོང་དུས།།
མ་འགྲོ་བའི་མ་མ་ཁྱེད་ཉིད་ལས་སུ་ཡོད།།
དེང་མི་ཡི་དྲན་རིག་སྣ་དགུ་ཡི་རྩལ་ལས།།
འདིར་སྣང་བ་ཁྲ་ཁྲ་ཟིང་ཟིང་གི་དངོས་པོ།།
ལར་བྱིས་པའི་མིག་སྔར་མཛེས་མཛེས་འདྲ་སྣང་རུང་།།
སེམས་ཞི་བའི་སྨན་མཆོག་ཁྱེད་ཉིད་ཀྱི་གསུང་ཡིན།།
སྐུའི་བཀོད་པ་བཤིག་སྟེ་རྟག་པ་ཡི་མཚང་བརྟོལ།།
གསུང་བདེན་པ་བསྒྲགས་ཏེ་གཉུག་མ་ཡི་གདངས་ཕྱེས།།
ཐུགས་རྗེན་ནེ་སྟོན་ཏེ་གནས་ལུགས་ཀྱི་གཤིས་ངོམ།།
ཁྱེད་སྟོན་པའི་སྟོན་མཆོག་བླ་མེད་དུ་ཡིན་ནོ།།
གང་ལ་མི་ཕྱེད་པའི་དད་པས་ཚིག་དུམ་འགའ་ཐད་དུ་སྦྱར་རོ། །༢༠༢༡།༠༥།༢༦ ས་ག་ཟླ་བའི་ཚེས་བཅོ་ལྔར། ལམ་བཟང་པོས།
༼༣༽
«ཁྱོད་ནི་ང་ཡིན་སྟོན་པ་ཡིན།»
འཇིག་རྟེན་ཞི་བའི་ཐབས་ལམ་སྟོན་པ་ལ།།
རིག་པའི་གར་གྱིས་སྟོབས་ཤུགས་སྦྱིན་མཛད་པོ།།
སྣང་སྲིད་འཁོར་འདས་ཆོས་རྣམ་ཐམས་ཅད་ཀྱི།།
དཀའ་སྡུག་སེལ་མཛད་ང་ཡི་སྟོན་མཆོག་རྒྱལ།།
སྣང་སྟོང་དབྱེ་མེད་ཟུང་དུ་འཇུག་པའི་ཞིང་།།
གདུལ་བྱའི་དོན་མཛད་འོད་ཀྱི་རླབས་ལ་འདྲེས།།
སྟོན་པ་ཁྱོད་ནི་སྣང་གསལ་སྒྲོན་མེ་ལྟར།།
ལྷམ་མེར་འབར་ཏེ་མུ་ནག་དཀྲོལ་བར་མཛད།།
གློ་བུར་ཚོགས་ཀྱི་དག་ཞིང་སྒོམ་པའི་ངོར།།
འགྲན་མེད་གཡུ་ལས་རྣམ་པ་རྒྱལ་བའི་ཁྱེད།།
སྒྱུ་འཕྲུལ་འཁོར་གྱིས་ཡོངས་སུ་རབ་ཁེངས་ཏེ།།
བདག་བློའི་སྙིང་གར་པདྨ་ལྟར་དུ་བཞད།།
ཁྱབ་འཇུག་ཁྱབ་བདག་ཚོགས་ཀྱི་ལམ་བུ་ལ།།
ཀུན་རྫོགས་ཆོས་རྣམ་བདེན་པའི་གསེབ་ན་འཛུམ།།
སྣང་བ་བོར་བའི་ཕྱི་རོལ་པ་དག་ཀྱང་།།
ཡོངས་སུ་འདུལ་ཏེ་བསམ་བློའི་ཁ་ལོ་བསྒྱུར།།
༢༠༢༡/༠༥/༢༦ ཉིན།
༡) ཕྱག་འཚལ་བའི་ཡན་ལག
ཀ་མེད་འགྲོ་བ་ཀུན་གྱི་ཉི་མ་འདྲ་བའི་སྐུ་མངའ་ཞིང་།།
ཁ་ཆོས་སྟོང་པའི་ཀུན་གྱི་ཁ་ཟས་ལྟ་བུའི་གསུང་རབ་སྦྱིན།།
ག་སློག་སྤངས་ཤིང་ཀུན་ལ་བྱམས་བརྩེ་ལྡན་པའི་ཐུགས་མངའ་བ།།
ང་ཡི་སྟོན་པ་ཤཱཀྱ་མུ་ནི་མཆོག་ལ་མགོས་ཕྱག་འཚལ།།
༢) མཆོད་པ་འབུལ་བའི་ཡན་ལག
ཅ་ཅོ་དབེན་པའི་དག་ཞིང་ལྟ་བུའི་དགོན་པའི་འདུ་ཁང་ནས།།
ཆ་ལག་རྫོགས་པའི་ཆོ་གའི་དབྱངས་རྟ་ངག་ནས་ལེན་བཞིན་དུ།།
ཇ་མར་ལ་སོགས་བདག་ལ་ཡོད་པའི་རོ་མཆོག་མ་ལུས་པ།།
ཉ་གང་ཟླ་བ་ལྟ་བུའི་སྟོན་པ་ཁྱོད་ལ་མཆོད་པར་བགྱི།།
༣) སྡིག་པ་བཤགས་པའི་ཡན་ལག
ཏ་ཐཱ་ག་ཏ་ཁྱོད་ཀྱི་གསུང་རབ་མང་དུ་ཐོས་ན་ཡང་།།
ཐ་མ་བདག་ནི་མོངས་དང་བག་ཆགས་ངན་པའི་གཞན་དབང་གིས།།
ད་ལྟའི་བར་དུ་སྡིག་པའི་ལམ་དུ་ཞུགས་པའི་མི་དགེ་བ།།
ན་བཟའ་ངུར་སྨྲིག་ཅན་གྱི་སྟོན་པའི་ཞབས་ནས་སོ་སོར་བཤགས།།
༤) རྗེས་སུ་ཡི་རང་བའི་ཡན་ལག
པ་ཕས་སྦྱིན་པའི་རྒྱལ་སྲིད་དབང་ཐང་ཡོངས་རྫོགས་སྤངས་པ་དང་།།
ཕ་རོལ་ཕྱིན་པའི་ལམ་བཟང་དྲུག་ཏུ་རྟག་ཏུ་ཕེབས་བཞིན་པ།།
བ་གླང་གཙོས་པའི་འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པའི།།
མ་ལྟར་ཡིན་པའི་སྟོན་པའི་མཛད་པ་ཀུན་ལ་རྗེས་ཡི་རང་།།
༥) ཆོས་འཁོར་སྐོར་བ་སྐུལ་བའི་ཡན་ལག
ཙ་རི་གནས་བསྐོར་ཕྱིན་པའི་བསོད་ནམས་ཅན་གྱི་བོད་མི་ཡང་།།
ཚ་གྲང་སྡུག་བསྔལ་དག་གི་ར་བའི་ནང་དུ་ལྷུང་བཞིན་མཆིས།།
ཛ་ཡ་ཁྱོད་ཀྱིས་སླར་ཡང་བདུད་རྩི་ལྟ་བུའི་དམ་ཆོས་ཤིག།
ཝ་ལེར་གསུངས་ནས་ཀུན་གྱི་གདུང་བ་ཐམས་ཅད་ཆོད་པར་མཛོད།།
༦) གསོལ་བ་འདེབས་པའི་ཡན་ལག
ཞ་ར་ལྟ་བུའི་བདག་དང་བདག་གི་མ་གྱུར་སེམས་ཅན་རྣམས།།
ཟ་ངེ་ཟིང་ངེ་ཅན་གྱི་སེམས་པ་འདི་དང་མ་བྲལ་བར།།
འ་འུར་རྣམ་གཡེང་སྤངས་པའི་བདག་གི་སྟོན་པ་བཀའ་དྲིན་ཅན།།
ཡ་མཚན་ཆེ་བའི་ཉི་མ་འདྲ་བར་ཞིང་འདིར་བཞུགས་སུ་གསོལ།།
༧) དགེ་རྩ་བསྔོ་བའི་ཡན་ལག
ར་བ་གངས་ཀྱིས་སྐོར་བའི་ཕ་ཡུལ་ཆོས་ལྡན་ཞིང་ཁམས་དང་།།
ལ་ལུང་གང་སར་བསྡད་ནས་བསགས་པའི་དགེ་བ་ཅི་མཆིས་པ།།
ཤ་ཟས་སྤངས་པའི་སྟོན་པ་ཁྱོད་ལྟར་བདག་སོགས་འགྱུར་བའི་སླད།།
ས་ག་ཟླ་བའི་དུས་ཆེན་འདི་ནས་བདག་གིས་རབ་ཏུ་བསྔོ།།
ཧ་ཧ་ཞེས་ནས་རྩེད་མོའི་ཚུལ་དུ་བྲིས་པའི་ཡི་གེ་མིན།།
ཨ་རོགས་འབོད་སའི་གྲོགས་ལ་བྲིས་པའི་སྙན་ངག་དེ་བས་མིན།།
ཧ་ཅང་དྲན་པའི་སྟོན་པ་ཁྱོད་ཀྱི་དུས་ཆེན་གསུམ་འཛོམས་ལ།།
ཨ་མའི་བུ་ཆུང་བདག་གིས་སྟོན་པའི་དུས་ཆེན་བསུ་ཕྱིར་བྲིས།།
༢༠༢༡/༥/༢༦ ཞོགས་པར་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ས་ཟླའི་ཚེས་ཆེན་བཅོ་ལྔའི་སྟོན་པའི་རྗེས་དྲན་གྱི་སྙན་ངག་ཆེད་བསྒྲིགས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།







No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།