རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 25 May 2021

«རོ་ལང་བཀླགས་པའི་དེ་རིང་»མགྱོགས་བྲིས་མ།

གངས་སེང་དཀར་མོ། 


འཁོར་བ་ཆུང་ཆུང་མི་ཚོའི་རྩེ་བྱེད་ཙམ།།
དེ་རིང་ཆག་ཀྱང་སེར་སྣའི་རྒྱ་ལས་འགོང་།།
གཞན་གྱིས་གད་མོ་ཁོག་ལ་མི་ཤོང་བའི།།
ཉེས་པར་བསམ་ན་མིག་ཆུ་ལོས་ཡོད་དོ།།

གནམ་ངོ་མེད་པའི་མགོ་སྐྲ་སེ་བོ་ཚོའི།།
སྲོག་གི་ལྷག་མ་གཤིན་རྗེའི་རྒྱ་རྡོ་ཙམ།།
ཞེ་གཅིག་ཉི་མའི་འོད་ཀྱང་མོག་པའི་ཟོལ།།
ངོ་ཤ་མེད་པའི་རྒས་གཉེར་སུ་ཡིས་གསུབ།།

སྡེ་བ་གཅིག་གི་ཚངས་ཆེན་གཉན་དུ་གྱུར།།
ཕར་ཕར་དེད་ན་ལྕེ་ཡང་གཉིས་སུ་གྱུར།།
ཞི་བའི་ཚུལ་གྱིས་ཅུང་ཟད་མནལ་ན་ཡང་།།
སྟག་མོའི་ཁོག་གི་རྣམ་ཤེས་ལྷང་ལ་བུད།།

བདུད་རྩིའི་ཟས་ལ་སྤྱད་ནས་ན་སོ་ལོང་།།
ཉི་མའི་འོད་ལ་ལྡེས་ནས་འཆི་མཐར་ཐུག།
མཚོ་གཏིང་རྡོ་ལ་འགྱུར་བ་མེད་ཉིད་པས།།
བུ་ཡུག་ཚུབ་མའི་ནང་ན་ད་ཡང་འཁོར།།

ལ་ལ་བདུད་ཀྱི་མཐུ་ལས་ཅིག་ཅར་གཡོམ།།
ལ་ལ་མུན་པའི་དཀྱིལ་ན་སྔར་བཞིན་བསྒུར།།
ད་ནི་ཤ་ཁྲག་གསར་པའི་མི་རབས་ཚོར།།
རེ་ཐག་ཆད་རོགས་ཙམ་ལས་ཅི་ཞིག་ཡོད།།

འཚོ་བ་ལང་མ་འགྱེལ་དེས་ཡི་ཐང་ཆད།།
མིག་ཆུའི་གཏམ་རྒྱུད་བཀླག་ན་ཞེ་རེ་རྨོངས།།
ལས་དབང་ནག་པོའི་ཁ་སྟབས་ཇི་ལྟར་འབྲི།།
སྡིག་སྒྲིབ་འཛད་དུ་མེད་པས་ལྷག་པར་དུབ།།

༢༠༢༡/༥/༢༥

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།