རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 4 May 2021

«སློབ་སྦྱོང་གི་ཐབས་ལམ་མུན་སེལ་སྒྲོན་མེ།» གཙོ་བོ་མཐོ་འབྲིང་གི་སློབ་མ་ཚོར་ཁ་གཏད་ཡོད།

རབ་གསལ།


“སྤྱིར་འཇིག་རྟེན་འདིར། གཞན་གྱིས་འཕྲོག་མི་ཐུབ་པའི་བྱ་དངོས་རིགས་གསུམ་ཡོད་པ་སྟེ། གཅིག་ནི་གྲོད་ཁོག་ཏུ་བཅུག་ཟིན་པའི་ཟས་རིགས་དང་།  གཉིས་ནི་སེམས་ཁོང་གི་ཕུགས་འདུན།  གསུམ་ནི་བཀླགས་ནས་ཡིད་ལ་བཅུག་ཟིན་པའི་དཔེ་ཆའི་ནང་དོན་ཡིན་པ་དང་།  དཔེ་ཆ་ཀློག་པ་ནི་འཚོ་བའི་ལམ་སྟོན་ཡིན།” ཟེར་བ་ལྟར།   དཔེ་ཀློག་གི་གལ་ཆེན་རང་བཞིན་ནི་ཁོ་བོས་འདི་ནས་མ་གླེང་ནའང་ཚང་མའི་སེམས་སུ་ཁྲིགས་སེ་ཡིན་ཤག་རེད།

     སྐབས་བབས་ཀྱི་བཤད་བྱ་ནི། དཔེ་ཀློག་ཇི་ལྟར་བྱ་བའི་སྐོར་ཡིན་ཏེ། སྤྱིར་སློབ་མ་སོ་སོའི་ཁམས་དང་མོས་པ། དགའ་ཕྱོགས་དང་ཁྱད་ཆོས། གཤིས་ཀ་དང་ཆུ་ཚད་སོགས་ཐ་དད་ཡིན་སྟབས། མཐའ་གཅིག་ཏུ་སློབ་སྦྱོང་འདི་ལྟ་བུ་ཞིག་བྱ་དགོས་ཟེར་ནའང་འཐུས་མིན་མི་ཤེས་མོད། འོན་ཀྱང་རང་ཉིད་ཀྱིས་དཔེ་ཀློག་གི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། ཡང་སྒོས་སུ་མཁས་པ་ཚོའི་ལེགས་བཤད་དང་བརྩམས་ཆོས། འབེལ་གཏམ། ཞལ་རྒྱུན་དག་ལ་ཐོས་བསམ་ཕྲན་ཙམ་ཞིག་བྱས་ཁར། ཁོ་བོས་ཀྱང་ཚན་པ་བཅུ་རུ་བཀར་ནས་བཤད་ཁུལ་བྱའོ།།

     དང་པོ།  ཞོགས་པ་ནི་སློབ་མ་རྣམས་ལ་མཚོན་ན་རྣམ་རིག་ཆེས་དྭངས་པའི་སྐབས་ཡིན་སྟབས། ནམ་རྒྱུན་རང་ཉིད་ཀྱིས་བློར་འཛིན་དགོས་པའི་ཤེས་བྱའི་སྐོར་དང་། ཐ་སྙད་གལ་ཆེན། སློབ་ཚན་གྱི་དཀའ་གནད་དང་གཙོ་གནད་སོགས་སྒྲ་དག་པ་དང་འབྲུ་གསལ་བ། སྐད་གདངས་ཆེན་པོའི་ལམ་ནས་ཀློག་འདོན་བྱས་ན་ཕན་པ་ཆེའོ།།

     གཉིས་པ།  སློབ་མ་ཞིག་ལ་མཚོན་ན་སློབ་ཁྲིད་ཀྱི་སྐབས་སུ་ནན་ཉན་བྱ་རྒྱུ་ནི། ཆེས་གལ་ཆེན་ནང་གི་དོན་ཆེན་ཡིན་ལ། སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་རིག་ལམ་དང་བསམ་བློ། མྱུར་ཚད་དང་བསྟུན་ནས་འགྲོ་བ་ནི་དེ་ལས་ཀྱང་གལ་ཆེན་ཡིན་པ་ཤེས་པར་གྱིས། དེ་ནི་སློབ་སྦྱོང་གི་ཐབས་ལམ་ཡག་ཤོས་ཤིག་ཡིན་ནོ།།  

     གསུམ་པ།  གནས་གང་དུ།  དུས་ནམ་ལ། དཔེ་ཆ་ཅི་ཞིག(གཙོ་བོ་སློབ་དེབ་དང་དེའི་འབྲེལ་ཡོད་ཀྱི་དེབ་དག་མ་གཏོགས།  དཔེ་དེབ་རིགས་འདྲ་མིན་སྣ་ཚོགས་ལ་མི་གོ)བལྟས་ཀྱང་གཙོ་གནད་རྣམས་ལ་རྟགས་རྒྱག་ཤེས་དགོས་པར་མ་ཟད།  ཟིན་བྲིས་ཀྱང་འགོད་ཤེས་དགོས།  དེ་ནི་ཤེས་བྱ་གསོག་འཇོག་གི་ཐབས་ལམ་དམ་པ་ཞིག་ཡིན་ནོ།།

     བཞི་པ། ཕྱི་དྲོ་དང་མཚན་མོ་ནི་ལས་བྱ་དང་རྒྱུགས་ཤོག   སྦྱང་གཞིའི་ལྷན་ཐབས་སོགས་འབྲི་རྒྱུ་གལ་ཆེ་བས། དེ་ནི་རང་གིས་རང་ལ་ཚོད་ལྟ་བྱེད་ཚུལ་ཞིག་ཡིན་པར་མ་ཟད། ལག་ལེན་གྱི་ཁྲོད་ནས་སློབ་སྦྱོང་བྱེད་ཚུལ་ཡང་དག་ཅིག་ཀྱང་ཡིན་པས། རྒྱུན་འཁྱོངས་བྱས་ན་སློབ་སྦྱོང་གི་ཆུ་ཚད་ཀྱང་མྱུར་མོར་མཐོ་རུ་འགྲོ་བར་ཐག་གིས་ཆོད་དོ།།

     ལྔ་པ། སློབ་ཚན་ཞིག་མ་འཁྲིད་གོང་དུ་སྔོན་སྦྱོང་དང་། ཁྲིད་ཚར་རྗེས་ཀྱི་བསྐྱར་སྦྱོང་ནི། སློབ་མ་ཞིག་ལ་མཚོན་ན་ཧ་ཅང་འགངས་ཆེ། སྔོན་སྦྱོང་གིས་སློབ་ཁྲིད་སྐབས་ཀྱི་དཀའ་ངལ་མང་ཤོས་ཤིག་སེལ་ཐུབ་ལ། བསྐྱར་སྦྱོང་གིས་བསླབས་ཟིན་པའི་ཤེས་བྱ་དག་སེམས་ཀྱི་སྦུབས་སུ་ཐིམ་ངེས་པར་གོར་མ་ཆག ཡང་ན་སྔོན་སྦྱོང་གི་མདའ་རྣོ་ཞིང་བསྐྱར་སྦྱོང་གི་གཞུ་སྲ་ན། རིག་པའི་འབེན་དུ་མི་ཕོད་ག་ལ་སྲིད།

     དྲུག་པ། སློབ་དེབ་ཀྱི་ཞོར་ནས་འབྲེལ་ཡོད་ཀྱི་དེབ་བཀླག་རྒྱུ་ནི་ཤིན་ཏུ་གལ་ཆེ། མཐོ་འབྲིང་གི་སློབ་མ་ཞིག་ཡིན་ཕྱིར། སློབ་སྐབས་རེ་ལ་དེབ་ལྔ་དྲུག་ཙམ་ཅིས་ཀྱང་བལྟས་ཐུབ་དགོས། དེས་རང་ཉིད་ཀྱི་ཤེས་བྱ་འཐུས་ཇེ་ཚང་དང་གོ་རྟོགས་རྒྱ་ཇེ་ཆེ་རུ་འགྲོ་བར་ཕན་པ་མི་ཉུང་བ་ཞིག་ཡོད་ཤག་ཡིན། དེ་ལ་ཁ་གསབ་རང་བཞིན་གྱི་དཔེ་ཀློག་ཅིག་ཀྱང་ཟེར་རོ།།

     བདུན་པ། ནམ་རྒྱུན་རང་ཉིད་ཀྱིས་རང་ལ་དུས་ཚོད་བཀོད་སྒྲིག་ལེགས་པོ་ཞིག་དང་། སློབ་སྦྱོང་གི་འཆར་གཞི་འཚམ་པོ་ཞིག་ཅིས་ཀྱང་བཟོ་ཤེས་དགོས། དེ་ནི་དཔེ་ཆ་གང་ཞིག་བལྟ་དགོས་པ་དང་དུས་ནམ་ཞིག་ལ་བལྟ་དགོས་ཟེར་བ་དེའོ། །གོམས་གཤིས་བཟང་པོ་ཞིག་གིས་ཁྱོད་ཀྱི་དཀའ་སྣང་སེལ་ཐུབ་ལ། སློབ་སྦྱོང་གི་འབྲས་བུའང་གྱ་ནོམ་པ་ཞིག་ཐོབ་ངེས་སོ།།

     བརྒྱད་པ། “ཕ་མགོ་བུ་ཡིས་བསྐོར། །བུ་མགོ་དགྲ་ཡིས་བསྐོར།།” ཟེར་བའི་དཔེ་ལྟར། མཐོ་འབྲིང་གི་སློབ་མ་ཞིག་ལ་མཚོན་ན། ཁ་པར་ནི་ཁྱོད་རང་གི་དགྲ་བོ་ཡིན་པ་ཤེས་པར་གྱིས། དེས་ཁྱོད་ཀྱི་གསེར་ལས་དཀོན་པའི་དུས་ཚོད་མང་པོ་ཞིག་ཁྱུར་མིད་དུ་བཏང་ཡོད་པའང་ཤེས་པར་གྱིས།

     དགུ་པ། ནུབ་མོ་ཉལ་ཁར་ཉིན་ཐོ་འབྲི་རྒྱུ་ནི། རང་གིས་རང་ལ་ཕྱོགས་བསྡོམས་རྒྱག་སྟངས་ཤིག་ཡིན་པས། དེས་ཁྱོད་ཀྱིས་ཉིན་ཧྲིལ་བོར་ཐོབ་ཤོར་གང་ཡོད་པ་ཤེས་ཐུབ་ངེས་དང་། རང་ཉིད་ཡར་རྒྱས་གཏོང་ཐབས་ཡག་ཤོས་ཤིག་ཀྱང་ཡིན་ནོ།།

     བཅུ་པ། “བྱ་བ་གང་ཞིག་ལེགས་འགྲུབ་འབྱུང་བར་འདོད་ན། ངེས་པར་དུ་ཧུར་བརྩོན་གྱིས་འགྲོ་གྲོན་གཏོང་དགོས་པ་ཆོས་ཉིད་ཡིན་པ་ཤེས་པར་གྱིས།” ཟེར་བ་ལྟར། རྒྱལ་ཁ་ནི་འབད་བརྩོན་ཅན་དང་སྡུག་རུས་ཅན་གྱི་མི་ལ་དབང་བས། ཁྱེད་རྣམ་པའང་དེ་ལས་མ་འདས་སོ།། 


_______________
རྩོམ་ཁུངས།: ལུག་ཚང་དཔལ་ཡོན་སྤྱི་སྟེགས།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།