རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 5 May 2021

ཚེ་འདིར་དངོས་མཇལ་སྐལ་བ་བཟང་།

ཀརྨ་དབང་རྒྱལ། ཧྥ་རན་སི།


ན་མོ་གུ་རུ་ཡེ།

སྐུ་མཚན་དཔེ་གཟི་བྱིན་ལྷང་ངེ་བ།།
གསུང་མདོ་སྔགས་ཆོས་སྒྲ་རྟག་ཏུ་སྒྲོག།
ཐུགས་མཉམ་ཉིད་ལྟ་བའི་ངང་ལ་བཞུགས།།
དཔལ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན།།

སྟོན་པའི་རྒྱལ་ཚབ་སྡོམ་བཙུན་སྡེ་སྣོད་འཛིན།།
པདྨ་ནོར་བུའི་ཐུགས་ཀྱི་སྲས་མཆོག་དང་།།
གསང་ཆེན་བསྟན་པའི་མཛེས་རྒྱན་གཙུག་གི་ནོར།།
དགེ་སློང་རིག་པ་འཛིན་པ་ཁྱེད་ལ་འདུད།།

མ་བཅོས་རིག་སྟོང་ཆོས་སྐུའི་ངང་ཉིད་ནས།།
འགག་མེད་སྒྱུ་འཕྲུལ་རོལ་བ་འགྲོ་བའི་མགོན།།
རྩ་གསུམ་ཀུན་འདུས་བྱང་སེམས་རྒྱ་མཚོ་འཁྱིལ།།
ཡོངས་རྫོགས་བསྟན་པའི་སྲོག་ཤིང་ཁྱེད་ལ་འདུད།།

གདོད་ནས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ལ།།
མཚན་དཔེའི་ངོ་མཚར་རང་བྱུང་ལྷུན་གྱིས་གྲུབ།།
ཡིད་བཞིན་ནོར་དང་དཔག་བསམ་ལྗོན་པ་བཞིན།།
ཕན་བདེའི་ལེགས་ཚོགས་སྦྲང་ཆར་ཅིར་ཡང་འབེབས།།

ཕྱི་ལྟར་སྡོམ་གཙང་པདྨའི་སྦུབས་ལྟར་མཛེས།།
ནང་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེ།།
གསང་བར་དགའ་རབ་རྡོ་རྗེའི་དགོངས་ཉམས་ཅན།།
བདག་གིས་ཚེ་འདིར་དངོས་མཇལ་སྐལ་བ་བཟང་།།

ཞེས་རྗེ་བཙུན་བླ་མ་དམ་པ་མཁན་ཆེན་ཡིད་བཞིན་ནོར་བུའི་སྐུ་པར་ཞིག་དྲྭ་ཐོག་ཏུ་མཇལ་བའི་མོད་ལ་མགོན་པོ་གང་ལ་དད་མོས་དགའ་རབ་ཅན་ལྷོ་རི་བ་ཀརྨ་དབང་རྒྱལ་གྱིས་ ༢༠༢༡/༠༥/༠༥ ཉིན་ཡིད་དྭངས་པས་སྦྱར་བའོ།།

_______________
རྩོམ་ཁུངས།: བོད་ཀྱི་རྩོམ་རིག་འཕྲིན་སྟེགས།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།