རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 9 May 2021

རྒྱལ་ཡོངས་ཨ་མའི་ཉིན་མོའི་སྙན་རྩོམ་ཆེད་བསྒྲིགས།

༼༡༽
«བརྩེ་བ་དྲན་པའི་ཉིན་མོ་»མགྱོགས་བྲིས་མ།

གངས་སེང་དཀར་མོ།


རྟག་ཏུ་ཕྱི་བཞིན་འབྲང་བའི་རྣམ་ཤེས་དེས།།
བརྩེ་བ་རྒྱ་མཚོ་འདྲ་ཞིག་བདག་ལ་གནང་།།
གལ་ཏེ་བརྩེ་བའི་མཚོ་ལ་གཟུགས་མཆིས་ན།།
སྲིད་གསུམ་སྣོད་དུ་སྤྱད་ཀྱང་ཆུང་བར་དོགས།།

བརྩེ་བ་གཞན་དག་རེ་དང་མི་འདྲ་བའི།།
ང་ལ་གནང་བའི་བརྩེ་བ་དུང་ལས་དཀར།།
བརྩེ་བ་ཅིག་ཅིག་ཅིག་གིས་བསླུ་འགྲོ་ཡང་།།
ང་ལ་གནང་བའི་བརྩེ་བས་བསླུ་མ་མྱོང་།།

བརྩེ་བ་གཞན་དག་རེ་དང་མི་འདྲ་བའི།།
ང་ལ་གནང་བའི་བརྩེ་བ་མཚོ་ལས་ཟབ།།
བརྩེ་བ་ཅིག་ཅིག་ཅིག་གིས་ཚིམ་འགྲོ་འང་།།
ང་ལ་གནང་བའི་བརྩེ་བས་ཚིམ་མ་མྱོང་།།

བརྩེ་བ་གཞན་དག་རེ་དང་མི་འདྲ་བའི།།
ང་ལ་གནང་བའི་བརྩེ་བ་བྲག་ལས་བརྟན།།
བརྩེ་བ་ཅིག་ཅིག་ཅིག་ནི་འགྱུར་འགྲོ་འང་།།
ང་ལ་གནང་བའི་བརྩེ་བ་འགྱུར་མ་མྱོང་།།

བརྩེ་བ་གཞན་དག་རེ་དང་མི་འདྲ་བའི།།
ང་ལ་གནང་བའི་བརྩེ་བ་བལ་ལས་འཇམ།།
བརྩེ་བ་ཅིག་ཅིག་ཅིག་གིས་འཁོན་འགྲོ་འང་།།
ང་ལ་གནང་བའི་བརྩེ་བས་འཁོན་མ་མྱོང་།།

བརྩེ་བ་གཞན་དག་རེ་དང་མི་འདྲ་བའི།།
ང་ལ་གནང་བའི་བརྩེ་བ་མཁའ་ལས་ཡངས།།
བརྩེ་བ་ཅིག་ཅིག་ཅིག་ནི་འགལ་འགྲོ་འང་།།
ང་ལ་གནང་བའི་བརྩེ་བས་གློད་མ་མྱོང་།།

ནམ་ཀུན་རྒྱང་ལ་གཟིགས་པའི་བརྩེ་བའི་སྤྱན།།
བདག་བས་གཞན་གཅེས་དེ་ཡང་བུ་ངའི་ཆེད།།
བརྩེ་བ་བདེན་པ་ཉིད་ཀྱི་བདུད་རྩིའི་གཏེར།།
བྱམས་ལྡན་ཨ་མའི་ཚེ་ཐག་རིང་བར་ཤོག།

༢༠༢༡/༥/༩


༼༢༽
འཛམ་གླིང་དྲིན་ཆེན་ཨ་མའི་ཉིན་མོ་བསུ།

འོད་གསལ་ཀུན་བཟང་ཆོས་འཕེལ།


རི་ལུང་བྱེ་བས་ཆོད་པའི་ཕ་ཡུལ་ན་བཞུགས་པའི།།
བཀའ་དྲིན་ཟད་མཐའ་མེད་པའི་ཨ་མ་ཡི་དྲུང་དུ།།
ཁྱོད་ཉིད་དྲན་པའི་གདུང་བ་འགོག་ཐབས་རང་མེད་པས།།
སྙན་འཕྲིན་ཁུ་བྱུག་གཞོན་ནུའི་གླུ་དབྱངས་འདི་འབུལ་ལོ།།

སྤྲོ་སྐྱིད་སྣང་བ་འཕེལ་བའི་དཔྱིད་ཀ་ཡི་དུས་སུ།།
འཇམ་པོའི་གོས་ཞིག་ཡོད་ན་རང་ཉིད་ཀྱིས་མི་གྱོན།།
བུ་ཆུང་ཁྱོད་ལ་འགྲིག་ཅེས་འཛུམ་མདངས་ཀྱིས་བསྐོན་པའི།།
ལྷན་པ་དགུ་བརྩེགས་གྱོན་པའི་ཨ་མ་དེ་དྲན་བྱུང་།།

དབྱར་གསུམ་ཆར་པ་བབས་པའི་ཡོ་ལང་གི་ཁྲོད་ན།།
ང་རང་སྐྱིད་པོའི་མལ་ན་བདེ་མོ་རུ་ཉལ་ཡང་།།
ནོར་ལུག་ལྷས་མཐའ་བསྐོར་ནས་ངལ་དུབ་ཀྱིས་མནར་བའི།།
གཡོག་མོའི་དཀའ་ཚེགས་མྱངས་པའི་ཨ་མ་དེ་དྲན་བྱུང་།།

སྟོན་དུས་ཕ་མཐའ་མངོན་མེད་ས་ཞིང་གི་འདབས་ན།།
ངོ་གདོང་རྔུལ་ཆུས་ཁེབས་བཞིན་ཞིང་ལས་ལ་འབད་ནས།།
ལུས་ཀྱི་ཤ་བསྐམས་ཁ་ངོ་ཉི་འོད་ཀྱིས་འཚིགས་པའི།།
ལག་ངོ་སེར་གས་གང་བའི་ཨ་མ་དེ་དྲན་བྱུང་།།

མི་ཚེ་དཀའ་སྡུག་ལྗིད་མོས་དབང་མེད་དུ་མནར་ནས།།
ཕུན་ཚོགས་ཟས་གོས་རྣམས་ནི་གཞན་དབང་དུ་གྱུར་དུས།།
ཟ་མ་ཕོར་གང་རྙེད་ཀྱང་བུ་ཕྲུག་ལ་བྱིན་ནས།།
ལྟོགས་སྐོམ་ཡང་ཡང་མྱངས་པའི་ཨ་མ་དེ་དྲན་བྱུང་།།

ལང་ཚོའི་མེ་ཏོག་བཀྲ་བའི་ན་གཞོན་གྱི་དུས་སུ།།
ཁྱིམ་གྱི་དཀའ་ཁག་ཐམས་ཅད་མགོ་ཐོག་ཏུ་བབས་ནས།།
སྟོན་གྱི་མེ་ཏོག་བཞིན་དུ་ལང་ཚོ་ཡི་མདངས་བཟང་།།
སྐད་ཅིག་ཉིད་ལ་ཟད་པའི་ཨ་མ་དེ་དྲན་བྱུང་།།

ངེད་ཅག་བུ་ཕྲུག་རྣམས་ལ་ཟས་གོས་ཀྱི་དོན་དུ།།
དུས་བཞི་བར་མེད་སྐུ་ཚེགས་སྣ་ཚོགས་ཀྱིས་གདུངས་ནས།།
འཛུམ་དཀར་ལྷུག་ལྷུག་མངོན་པའི་ཞལ་རས་ཀྱི་དཀྱིལ་འཁོར།།
མི་སྡུག་གཉེར་མས་ཁེབས་པའི་ཨ་མ་དེ་དྲན་བྱུང་།།

བཀྲ་ཤིས་ཟླ་བ་དཀར་པོ་ཤར་ཕྱོགས་ནས་ཤར་དུས།།
བྱམས་བརྩེ་ལྷོད་པ་མེད་པའི་དྲིན་ཆེན་གྱི་ཨ་མའི།།
འཛུམ་དཀར་ཞལ་རས་ཉ་གང་བཅོ་ལྔ་ཡི་དུང་ཟླ།།
དྲན་པའི་མེ་ལོང་ངོས་སུ་གསལ་པོ་རུ་ཤར་བྱུང་།།

ང་རང་དགེ་བཅུ་འཛོམས་པའི་གྲོང་ཁྱེར་ན་འདུག་ཀྱང་།།
གཉེར་མ་རི་མོས་བཀྲ་བའི་དྲིན་ཅན་གྱི་ཨ་མ།།
ཚ་གྲང་ངལ་དུབ་སྡུག་བསྔལ་མྱངས་པ་དེ་དྲན་ན།།
ཞིམ་མངར་ཟས་ཤིག་ཟོས་ཀྱང་མིད་པ་ལ་མི་འགྲོ།།

ལྷ་ལམ་དབྱིངས་ནས་རྒྱུ་བའི་མདོག་དཀར་གྱི་སྨུག་པ།།
ང་ཡི་ཨ་མ་བཞུགས་པའི་ས་ཕྱོགས་སུ་ཨེ་འགྲོ།།
བུ་ང་བདེ་ཞིང་འཚམས་པའི་སྙན་མོ་ཡི་སྐད་འཕྲིན།།
མ་བརྗེད་ཨ་མར་བཤད་པའི་བཀའ་དྲིན་ཞིག་སྐྱོངས་དང་།།

ཚད་མེད་དྲིན་གྱིས་བསྐྱངས་པའི་དྲིན་ཆེན་གྱི་ཨ་མ།།
སྐུ་ཁམས་བདེ་མོའི་ངང་དུ་བདེ་མོ་རུ་བཞུགས་དང་།།
བཀྲ་ཤིས་གཟའ་སྐར་ཕུན་སུམ་ཚོགས་པ་ཡི་ཉིན་མོར།།
མ་བུ་ལྷན་ཅིག་མཇལ་བའི་སྐལ་བཟང་དེ་ཤར་ཡོང་།།


༼༣༽
ཨ་མ།

ལམ་བཟང་པོ།


ཉིན་འདིའི་སྣང་བ་རབ་གསལ་ཡང་།།
བདག་གི་སེམས་ལ་མུན་པ་འཁྲིགས།།
ནམ་རྒྱུན་སྙན་པའི་ཡིག་འབྲུ་གཉིས།།
དེ་རིང་སྙིང་ལ་ཟུག་རྔུ་འབྱིན།།

མཚམས་རེར་ལས་ལ་འཁང་ར་བྱེད།།
མཚམས་རེར་རང་ལ་དྲན་པ་གཟེར།།
མཚམས་རེར་ཅི་ཡང་སྙིང་པོས་སྟོང་།།
མཚམས་རེར་འདུ་འབྲལ་ཆོས་ཉིད་དྲན།།

སེམས་ཀྱིས་བསྒྲོན་པའི་མར་མེ་འདིས།།
ཁྱེད་ཉིད་གང་བཞུད་ལམ་གསལ་ཤོག།
དགེ་བའི་བྱས་པ་སྣ་རེས་ཀྱང་།།
རྒྱབ་ནས་སྐྱོར་དང་མདུན་བསུ་ཤོག།

ཁྱེད་ཉིད་གཞན་དུ་གཤེགས་པ་ཡིས།།
ཨ་མ་ཀུན་གྱི་ཚབ་མཚོན་ཤོག།
བདག་གི་སེམས་ཀྱི་སྐྱོ་བ་ཡིས།།
ཀུན་གྱི་གདུང་བ་སེལ་བར་ཤོག།

༢༠༢༡/༠༥/༠༩


༼༤༽
དྲིན་ཆེན་ཨ་མ།

པདྨ་ཆོས་དར།


བྱམས་བརྩེའི་རིན་ཐང་གླེང་སའི་གར་སྟེགས་མ།།
ཤེས་རབ་གོ་ཆས་བརྒྱན་པའི་འཇོ་སྒེག་མ།།
བྱམས་དང་ཤེས་རབ་མངའ་བའི་དྲང་སྲོང་མ།།
འགྲོ་བའི་སྒྲོན་མེ་གསེར་གྱི་ཀོང་བུ་མ།།

ལུས་ཀྱི་གོམ་སྟབས་སློབ་པའི་གར་མཁན་མ།།
ངག་གིས་གསུང་དབྱངས་སྒྲོག་པའི་སྙན་འཇེབས་མ།།
ཡིད་སེམས་དུང་ལས་དཀར་བའི་ལྷག་བསམ་མ།།
སྒོ་གསུམ་གཞན་ལས་འཕགས་མ་སྙིང་གི་མ།།

སྦྲང་དཀར་རྩམ་པའི་དྲི་བསུང་ལྷད་མེད་མ།།
འོ་ཞོ་མངར་སྐྱུར་ལྡུད་པའི་དྲིན་ཆེན་མ།།
སྦྲ་གུར་གྲུ་བཞིའི་ཁྱིམ་གྱི་དྲོད་ཁོལ་མ།།
ལོ་ཟླ་རིང་མོའི་ནང་གི་དྲན་ཐེངས་མ།།

སྐྱབས་འཇུག་ཆོས་ལ་ཞུ་བའི་དད་འདུན་མ།།
ཡིད་ཆེས་བུ་ལ་བཅོལ་བའི་གཉོམ་ཆུང་མ།།
རྟག་ཏུ་བློ་ངོར་སྣང་བའི་གཟུགས་བརྙན་མ།།
ཁམས་བདེ་ལུས་སྐྱིད་ཚེ་རིང་ལོ་བརྒྱ་མ།།

༢༠༢༡/༠༥/༠༩ རྨེ་རང་གྲོལ།


༼༥༽
དྲིན་ཆེན་མ།

བཀྲ་ཤིས་དོན་གྲུབ།


ལུས་ཀྱི་ནུས་ཤུགས་མཐེན་ཞིང་ན་ཟུག་སྟེར།།
ཉིན་མཚན་དབྱེར་མེད་སེམས་ལ་གདུང་བས་བཀང་།།
རྣ་བ་སུན་པའི་ངུ་སྐད་སོགས་གྲགས་ཀྱང་།།
བྱམས་དང་བརྩེ་བས་སྐྱོང་བའི་དྲིན་ཆེན་མ།།

གོས་ཀྱི་རྩེ་ཕུད་བུ་ཆུང་ང་ལ་གཡོག།
ཟས་ཀྱི་རོ་བཅུད་བུ་ཆུང་ང་ལ་སྤྲད།།
དྲོ་འཇམ་ལྡན་པའི་རུམ་དུ་ང་རང་ཉལ།།
འཚོ་བའི་བདེ་སྐྱིད་སྐྲུན་པའི་དྲིན་ཆེན་མ།།

ཆུང་དུས་ཟས་གཙོག་ཤོར་བའི་སེམས་ཁུར་དང་།།
ལོངས་དུས་ལུས་སྟོབས་ཉམས་པའི་སེམས་ཁུར་དང་།།
ཆེ་དུས་མདུན་ལམ་ཤོར་བའི་སེམས་ཁུར་སོགས།།
བདེ་སྐྱིད་ཡོངས་ཀྱི་མཐུན་རྐྱེན་དྲིན་ཆེན་མ།།

མི་ཚེའི་དོན་ལྡན་མདུན་ལམ་ང་ལ་སྦྱིན།།
གནས་ཆེན་སྐྱེ་ཆེན་དམ་པའི་དགོན་དུ་བཏང་།།
དམ་ཆོས་ཟབ་མོ་སྦྱོང་བའི་བསྐལ་ཆེན་ཐོབ།།
དོན་ལྡན་ཐེམ་སྐས་བཙུགས་པའི་དྲིན་ཆེན་མ།།

སོ་སོའི་དམིགས་ཡུལ་རེ་འདོད་མ་བལྟས་པར།།
ཡོད་ཚད་ང་ཡི་དོན་དུ་བློས་གཏོང་མ།།
གང་དགོས་ཐོབ་པའི་རིན་ཆེན་ནོར་བུའི་དཔེ།།
མཚུངས་དཔེ་ཐོག་མ་དྲིན་ཆེན་ཨ་མ་ཡིན།།



_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནངམཚོ་བྱུང་ཨུཏྤལ་ནེའུ་གསིང་།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།