རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 7 May 2021

བཤེས་གཉེན་བསྟེན་པ་ནི་དགོན་སྡེའི་སློབ་གསོའི་རྩ་གནད་དུ་འཛིན་འོས།

བོད་ལྕེ། 




    ཆོས་འབྱུང་དང་རྣམ་ཐར་རེ་ལ་མཇལ་དུས། སྔར་གྱི་བླ་མ་དག་ནི་མཁས་པ་དང་གྲུབ་པ་མཉམ་དུ་ཡོང་། སློབ་གཉེར་དང་ཉམས་ལེན་ལྷན་དུ་ཚར། བླ་མ་དང་དགེ་རྒན་གཅིག་ལ་བྱེད། གདམས་ངག་དང་སློབ་ཁྲིད་གཉིས་སུ་མེད། སློབ་གཉེར་ཉིད་འཚོ་བར་གྱུར། སློབ་གཉེར་གྱི་ཉིང་དགོས་དང་གཏན་གྱི་འདུན་མ་གཅིག་ལ་བརྩི་མཁན་དུ་འདུག་པས། དེས་ཁོང་ཅག་གི་མི་ཚེ་ལེགས་གྲུབ་བྱུང་བ་ཡིན་ནམ་བསམ་པའི་ཚོར་བ་རེ་སྐྱེད་ཡོང་། 


     ཡང་ཅིག་བཤད་ན། དེ་དག་གི་སློབ་སྦྱོང་ནི་སང་ཉིན་གཡུལ་ལ་འཇུག་པར་དེ་རིང་སྦྱོང་བརྡར་བྱེད་པ་དང་འདྲ་ཚོད་དེ།  དངོས་སུ་དགྲ་བོ་དང་འཐབ་ཀྱིན་མེད་ཀྱང། གོ་མཚོན་ཐོགས་ནས་རྐང་ལག་འགུལ་སྟེ་ཐོ་ཡོར་དང་གསོབ་གཟུགས་ལ་འཐབ་ཀྱིན་ཡོད། དམིགས་འབེན་འཇོག་ཅིང་གཡུགས་ཐབས་ལ་བྱང་ནས་ཡོད། དེ་ལ་བསྡུར་ན། འོ་སྐོལ་གྱི་སློབ་སྦྱོང་ནི་གཡུལ་འབྱེད་ཀྱི་གློག་བརྙན་ལ་བལྟ་བ་དང་མཚུངས་ཏེ། གདན་ཐོག་ཏུ་ལྷོད་འདུག་བྱས་ཏེ་རང་དམག་རྒྱལ་བ་དང་གཞན་དམག་ཕམ་པར་རེ་དོགས་བྱེད་པ་ཙམ་ཡིན་པས། དེས་ཡུལ་དངོས་ཀྱི་གཡུལ་འབྱེད་ལ་ག་ཙམ་ཕན་མིན་ཅི་ཆ། 


    དེང་འོ་སྐོལ་དགོན་སྡེའི་སློབ་གཉེར་བ་མང་ཤོས་ཀྱིས་ཐོས་བསམ་བྱས་པ་རྒྱུགས་སྐར་གྱི་ཆེད་དུ་སོང་ལ། ཕངས་པ་ཞིག་ལ། སྐར་གྲངས་དེས་ལས་གནས་དང་ཟླ་ཕོགས་ནི་མི་ལོན། སྔ་ལངས་ཉལ་འཕྱི་བྱས་པ་ཤེས་ཡོན་གྱི་རྣམ་གྲངས་གསོག་བྱེད་ཙམ་དུ་གྱུར་ཅིང་། གང་བསགས་པའི་ཤེས་བྱའི་རྣམ་གྲངས་དག་ཚེ་འདིའི་སླད་དུ་གྱུར་ལ། ཆོས་བརྒྱད་འཆམ་པའི་ལག་ཆར་སྤྱོད་མོད།  ཚེ་འདིར་ཚང་མས་རེ་ཞིང་སྙེག་པའི་དབང་དང་འབྱོར་བ་བརྩེ་དུང་ནི་རིག་གནས་གཞན་ལྟར་དེས་མི་ཐོབ། སློབ་མཐར་ཕྱིན་པའམ་བཀའ་པོད་ལྔ་ཙམ་སློབ་སྦྱོང་གྲུབ་དུས། མང་པོ་ཞིག་ནི་མཁན་པོ་དང་དགེ་རྒན་ཞེས་པའི་མིང་སྐམ་པོ་རེ་ཁྱེར་ནས། ན་གཞོན་གྲྭ་བཙུན་དག་གི་སྐྱབས་མགོན་དུ་ཕེབས་ཁུལ་བྱེད། སྤྱིར་བཏང་གི་མི་དཀྱུས་མ་ཞིག་ལ་ཡོད་དགོས་པའི་ཕྱོགས་བསྡུས་ནུས་རྩལ་དང་། རྨང་གཞིའི་འཚར་ལོངས་ཙམ་ཡང་ཤིན་ཏུ་ཞན་པའི་མཁན་པོ་དགེ་རྒན་ལོ་ཆུང་དེ་དག་ལ་མི་ཚོགས་སྣེ་ཁྲིད་ཀྱི་ལས་ཁུར་བཀལ་བ་དེ་ལས་ནི། འུ་ཚོའི་ཕམ་ཉེས་ཀྱི་རྟེན་འབྲེལ་ཐོག་མ་བསྒྲིགས་འདུག


   ཡང་དགོས་ཆོས་ཕྱོགས་གཅིག་པུ་ནས་བལྟས་ནའང་། མི་དེའི་རིགས་ཀྱིས་རང་ལ་ཉམས་མྱོང་དང་མན་ངག་མེད་པའི་ལུང་རིགས་སྐམ་པོ་དེ་དག་གིས། གཞན་གྱི་སེམས་འདུལ་ཞིང་སྤྱོད་པ་འཆོས་པའི་རེ་བ་འཇོག རང་གིས་དད་པས་མ་བཏུང་བའི་བདུད་རྩི་སྐྱུར་མོ་གཞན་ལ་བླུད་ནས་སུ་ཞིག་གི་སྐོམ་པ་སོད་པའི་རེ་སྟོང་འཆང་། རང་གིས་བླ་མ་དང་ཆོས་ལ་དེ་དེ་བཞིན་གྱི་འདུ་ཤེས་དང་འགྲོ་ལུགས་མ་བརྒྱུད་ཀྱང་གཞན་གྱིས་རང་ལ་དད་གུས་དག་སྣང་། རང་གིས་བཤད་པའི་ཆོས་ལ་དོན་གཉེར་དང་དད་འདུན་སྐྱེ་དགོས་པའི་རང་སྣང་མཐོ། དེ་དག་མེད་ན་འཁང་ར་དང་ལེ་བདའ་བྱེད་པ་ལས་རྩ་བའི་ནོར་འཁྲུལ་རང་ས་ནས་མགོ་རྩོམ་པར་མི་གོ་བ་སོགས་ཀྱི་གནད་དོན་ཆེན་པོ་འདི་དག་ལུ་གུ་བརྒྱུད་དུ་གནས། 


     གྲྭ་བཙུན་སློབ་གཉེར་བ་མང་པོ་ཞིག་ནི། སློབ་མཐའ་ཙམ་ཕྱིན་དུས་མི་ཚེའི་ཉི་མ་ནི་ལ་མགོར་སླེབས་ཚར། འོན་ཏེ་བླ་མ་དང་གདམས་ངག་གཞི་ནས་འཚོལ་དགོས། ཆོས་དང་དགེ་འདུན་ལ་འབྲེལ་བའི་ཉེས་ལྟུང་ཅི་བསགས་ནི་རང་གིས་ངོས་ཟིན་ལ་སྐྲག་ཀྱང་ཤེས། གསལ་མྱུར་གྱི་བློ་གྲོས་དང་། བདེ་ཐང་གི་ལང་ཚོ་ནི་ཤེས་བྱའི་བུད་ཤིང་སྐམ་པོ་སྒྲུག་ཆེད་དུ་ཚར། རང་གཤིས་ཀྱི་ཞན་ཆ་བཅོས་པའི་ཉམས་ལེན་དང་། རྐྱེན་ངན་ཐོག་འབབ་བྱུང་ན་གདོང་གཏོད་པའི་གྲ་སྒྲིག་དང་སྔོན་ཆིས་ཕར་ཟད། བླ་མ་དང་མཆོག་གསུམ་ལ་ཕྱིར་མི་ལྡོག་པའི་དད་གུས་ཙམ་ཡང་སྐྱེས་ཡོད་པ་ཉུང་བར་གྱུར། ཀྱེ་མ། འདི་ལྟ་བུའི་བདག་ཅག་དལ་བ་བརྒྱད་ཚང་གི་གྲས་ཀྱི་མི་ཁོམ་པ་དགུ་པ་འདིའང་ཡ་རེ་ང་ཨང་། འོ་སྐོལ་ཆོས་བྱེད་པའི་གྲས་སུ་འཚང་མཁན་ཚོའི་གོལ་ལམ་འདི་ནི་ཨ་ཙ་མ་ཨང་། 


   འདི་ལྟར་བསམ་ན་འོ་སྐོལ་གྱི་ཆོས་གྲྭ་མང་ཆེ་བས་གཉེར་བཞིན་ཡོད་ལ། བསྟན་པའི་ཞེ་ལུ་མང་ཤོས་ཀྱིས་མྱོང་བཞིན་འདུག་པའི་སློབ་གསོ་ཨ་མ་དེ་ནི། མཐར་གཏུགས་ན་ཕམ་ཉེས་ཀྱི་སློབ་གསོར་སོང་མི་འདུག་གམ། ང་ཚོའི་དགེ་སློབ་གཉིས་ཀས་ཞུ་བྱའི་ཆོས་རྣམས་སློབ་ཚན་གྱི་ཚད་དུ་བཞག འཆད་པ་པོ་དག་ནི་དགེ་རྒན་གྱི་ཚོད་དུ་བརྩིས། མིང་དང་བླ་དྭགས་ཀྱང་དེ་ལྟར་བཏགས་ཤིང་འདོགས་ཀྱིན་གདའ། 


    ཏག་ཏག་ང་ནི་སློབ་གསོ་འདི་འདྲ་མྱོང་ནས་ཡོང་བས་ཕམ་ཁ་དང་ཡི་ཆད་ཀྱི་འབྲས་བུ་འདི་བྱུང་སྟེ། གཞུང་ཆེན་བཀའ་པོད་ལྔ་པོར་ཐོས་བསམ་གྱི་ཁྲལ་ཙམ་བསད་ཅིང་གསོད་པའི་གོ་རིམ་ནང་། མཁན་པོ་དང་དགེ་རྒན་ཡང་མང་ཙམ་བསྟེན་མོད། ངོ་གནོང་བ་ཞིག་ལ་ཁོང་རྣམ་པས་ཀྱང་ཚུར་བླ་སློབ་ཀྱི་རེ་བ་བཞག་པ་ཉུང་ལ། རང་ངོས་ནས་ཀྱང་ཁོང་རྣམ་པར་བླ་མ་ཞིག་གི་ཚད་ཀྱི་དད་འདུན་མ་བཞག་པས། སློབ་གཉེར་གྱི་བརྒྱུད་རིམ་དེ་ལས་བདག་ལ་ཐོབ་པ་ཡང་ཤེས་བྱ་ཉི་ཚེ་བ་རེ་ལས། རང་ལ་དབང་བའི་ནུས་རྩལ་དང་ཡིད་རྟོན་དུ་རུང་བའི་དགེ་རྩ་ནི་ཕལ་ཆེར་མི་འདུག


    དེ་ལས་ཀྱང་སེམས་སྐྱོ་བ་ཞིག་ལ་ད་ལྟ་ངས་ནི་རང་གི་གོལ་ལམ་དེར་དོགས་པ་ཙམ་ཟ་ཤེས་ལ། རང་གི་ནོར་འཁྲུལ་ལ་གཞི་རྩའི་ངོས་ཟིན་ཙམ་ཡོད་མོད། ང་ལས་ཀྱང་རྩ་ཆེ་བའི་གཞོན་ནུ་ལོ་ཆུང་ཤིན་ཏུ་མང་པོ་ཞིག་ནི། ད་དུང་མ་གོ་མ་ཤེས་པར་ངའི་གོལ་ལམ་དེར་ཅི་ཞིག་ཐོབ་འདོད་ཀྱིས་འཚང་ཞིང་། ལམ་ལུགས་དང་ཁྲིམས་སྒྲིག་མང་པོས་སྔོན་རྒྱབ་ཀུན་ནས་འདེད་ཅིང་ཁྲིད་ཀྱིན་འདུག་པ་དེའོ།།


   ཕྱོགས་གཞན་ནས་བསམ་ན་ཁག་ཀྱང་ཅི་ཡོད་དེ། དགོན་པ་དང་ཆོས་གྲྭ་དེ་ཚོའི་ཁྲི་པ་དང་དགོན་བདག མཁན་པོ་དང་དགེ་རྒན། གྲྭ་བཙུན་དཀྱུས་མ་བཅས་ལ་ལྟོས་དང་། ཁོ་ཚོར་མང་ཤོས་ལ་མན་ངག་ཞུ་སའི་བླ་མ་མེད་པས། རྒྱུ་ནོར་དང་རིགས་རུས་ཀྱིས་འབྲེལ་བའི་བླ་མ་དག་ལ་དད་གུས་རྫུན་མ་བྱེད། ངོ་སྤྲོད་གནང་བའི་བླ་མ་མེད་པས་ཆོས་རྒྱུད་གཅིག་པའི་མཁན་སྤྲུལ་ཚོར་ཁ་ཕོ་རུས་ཀྱིས་བསྟོད་བསྙེན་བྱེད། མཉེས་པ་གསུམ་གྱིས་བསྟེན་པའི་བླ་མ་མེད་པས་དགོན་པ་གཅིག་པའི་བླ་མ་དག་ལ་ངོམ་ཆོས་ཀྱི་གསོལ་འདེབས་རེ་བྱས་ནས་རང་ཉིད་དེས་འཚིང་། གཞན་ཡང་དེས་ཆོག་རྒྱུ་བྱས་ནས་མི་འདུག་གམ། 


     གནས་སྟངས་སྐྱོ་མོ་འདི་ཚོར་བསམ་ཞིང་བསམ་ན། རང་གཞན་གཉིས་ཀ་ལ་ཤ་ཚ་དང་ཡིད་ཆད་མཉམ་དུ་མི་འོང་ཐབས་མ་བྱུང་ལགས། ལར་རབ་ཏུ་བྱུང་བ་ཞིག་གམ་ཆོས་དོན་དུ་གཉེར་མཁན་ཞིག་གི་ངོས་ནས་བཤད་ན། བླ་མ་འཚོལ་ཞིང་བསྟེན་པ་ནི་རྒྱུགས་སྤྲོད་པ་ལས་གལ་ཆེ་ལ། འཛིན་གྲྭ་བགྲོད་པ་དང་མཐར་ཕྱིན་པ་ལས་ཀྱང་དོན་ཆེ། གྲོང་ཆོག་ཏུ་འགྲོ་བ་དང་དགོན་པའི་ལས་འགན་ཁུར་བ་དག་ལྟ་ཅི། འུ་ཅག་གིས་ཆེས་རླབས་ཆེན་དུ་བརྩི་བའི་མཚམས་བསྙེན་སྒྲུབ་དང་ཐོས་བསམ་དག་ལས་ཀྱང་སྔོན་དུ་འཇུག་དགོས་པའི་གནད་དང་། ཐོག་མར་དོ་སྣང་དགོས་པའི་གནས་གལ་པོ་ཆེ་དེར་གྲུབ་ཡོད། 


   དེ་ལྟ་ན་ཡང་ང་ཚོའི་ཁོར་ཡུག་དང་འགྲོ་ལུགས་ཀྱིས་ནི། ཆེས་རྩ་བའི་བཤེས་གཉེན་བསྟེན་པ་དང་འབྲེལ་བའི་དོན་པོ་ཆེ་དེ་དག་རྒྱུགས་སྤྲོད་ཆེད་རྩོད་གཞི་དང་འཆད་བྱར་བཀོལ་བ་ལས། ཐོག་མར་ལག་ལེན་དུ་ཐེབས་དགོས་པ་དང་། གཙོ་གནད་ཀྱི་ཁ་ཕྱོགས་སའི་གྲས་ནས་ཕུད་དང་འབུད་ཀྱིན་གདའ་འོ། །ལར་སློབ་གཉེར་དང་བསྙེན་སྒྲུབ་སོགས་གོང་སྨོས་དེ་དག་ཤིན་ཏུ་མེད་ཐབས་མེད་པའི་དོན་ཆེན་རྐྱང་ཡིན་མོད། དེ་དག་ཚང་མ་ནི་ཆོས་ཕྱོགས་ཀྱི་ཕྱོགས་བསྡུས་ནུས་རྩལ་སྐྱེད་སྲིང་བྱེད་བྱེད་དང་། ཆོས་པའི་གཞི་སྤུས་སློབ་གསོར་མ་སོང་ཚེ། གཟེངས་རྟགས་དང་དཔང་ཡིག་ཏུ་བཏགས་པ་རྣམས་ནི། ངལ་བ་འབྲས་མེད་དུ་སོང་བའི་དཔང་ཡིག་ཙམ་དུ་གྱུར་པ་མིན་ནམ། འདི་ནི་ཆོས་གྲྭ་དང་སློབ་གྲྭའི་སློབ་གསོའི་མི་འདྲ་ས་དང་། དཀྱུས་མའི་སློབ་གཉེར་བ་དང་རབ་ཏུ་བྱུང་བའི་རྩ་བའི་ཁྱད་པར་ཡང་ཅི་ལ་མིན་ཨང་།


    དེ་ལྟའི་རྩ་བ་དང་ཡན་ལག་གི་རིན་ཐང་གོ་ལོག་ཏུ་སོང་བའི་ལྟ་བ་འདི་འུ་ཅག་གི་དགེ་སློབ་མང་པོས་ད་ལྟ་སློབ་གཉེར་ལ་འཛིན་པའི་རྣམ་འགྱུར་ཡིན་ལ། བོད་ཀྱི་དགོན་སྡེ་སློབ་གསོས་བརྒྱུད་ཀྱིན་པའི་གོལ་ལམ་དེའང་ཡིན་སྙམ་དུ་སེམས།


  མདོར་ན། ད་ལྟ་བོད་ཀྱི་དགོན་སྡེ་ཚོས་འགྲན་རྩོད་ཀྱི་རྣམ་པས་འབད་བཞིན་པའི་དཔེ་ཆ་ཤེས་རྒྱུ་དམིགས་ཡུལ་དུ་བཟུང་ཞིང་། ཤེས་ཡོན་འབྱོར་རྒྱུ་གཙོ་གནད་དུ་ལྟ་བའི་སློབ་གསོའི་ལམ་ལུགས་འདི་ནི། རྒྱ་ནག་ཕྱོགས་ཀྱིས་རྗེས་ལུས་ཀྱི་སློབ་གསོར་བརྩིས་ནས་བརྗེ་ཞིང་བསྒྱུར་བར་འབད་ཀྱིན་པའི་གོ་འཕང་རྙིང་པ་དེ་ཡིན་ལ། འབྱོར་ཐོབ་དོན་དུ་མི་གཉེར་ཟེར་བའི་ང་ཚོར་དེ་ཐོབ་ཀྱང་ཁེ་ཕན་དང་དགོས་མཁོ་ཅི་ཞིག་ཡོད་དམ་བསམ་རན་མིན་ནམ། 


 ༢༠༢༠་༡༠་༣༠



_______________
རྩོམ་ཁུངས།: བོད་ལྕེའི་འཕྲིན་སྟེགས།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནངམཚོ་བྱུང་ཨུཏྤལ་ནེའུ་གསིང་།

࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།