༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས། མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ། གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།
༡. མྱ་ངན་ཞུ།
ཕུར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།
ནམ་མཁའི་ཐོག་ནས་བབ་པའི་ཤོག་སྒྲིལ་ཞིག་ཏུ།།
གོང་མ་ལྷ་ཡིས་མངག་པའི་སེམས་དཔའ་མིན་ཀྱང་།།
རྒན་གཞོན་བྱིས་ཆུང་ཀུན་ལ་རིས་སུ་མེད་པར།།
མཛད་ཕྲིན་རླབས་པོ་ཆེ་བའི་ཉི་གཞོན་མགོན་པོ།།
རྒྱང་རིང་ནུབ་རིའི་ཕག་ནས་གཏན་དུ་གཤེགས་པས།།
ཤུལ་ལུས་ན་གཞོན་སྟོང་གི་འདུན་མ་དེ་རུ།།
ནམ་ཡང་ཡལ་བ་མེད་པའི་སྨག་རུམ་འཐིབས་སོང་།།
འཛུམ་ཞལ་དྲོན་མོ་མཇལ་བའི་གོ་སྐལ་ཟད་ཀྱང་།།
རླབས་ཆེན་མཛད་ཕྲིན་ཟབ་མོ་རྒྱང་ནས་མཇལ་བྱུང་།།
གློ་བུར་ཞི་བར་གཟིམ་པའི་ངང་ཚུལ་འདི་ལ།།
ལྷོ་ཕྱོགས་བེ་ཏའི་ཡུལ་ནས་མྱ་ངན་ཞུའོ།།
༢. སྐྱོ་བའི་གདུང་དབྱངས།
ཚེ་རིང་རྡོ་རྗེ་ནེ་གི། ཁུ་ནུ།
འཕགས་ཡུལ་རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་དུ།།
མདོ་སྔགས་ལེགས་བཤད་རྒྱ་མཚོའི་ཕ་རོལ་སོན།།
ཡབ་རྗེའི་གྲུབ་དབང་བླ་མའི་ཞབས་དྲུང་ནས།།
ངེས་འབྱུང་ཚུལ་ཁྲིམས་གཙང་མའི་སྡོམ་པ་བླངས།།
གྲུབ་དབང་བླ་མའི་ཐུགས་ཀྱི་དགོངས་པ་འདི།།
དད་པས་དང་དུ་བླངས་ནས་ལོ་མང་དུ།།
འཛིན་སྐྱོང་སྤེལ་གསུམ་འབད་པས་མ་འཆུགས་པ།།
བསྟན་འགྲོར་ལྷག་བསམ་ཁུར་པོ་དམ་དུ་བཞེས།།
སྙིགས་མའི་དུས་སུ་འགྲོ་བའི་དོན་སེམས་ཏེ།།
ནུབ་རི་ལུང་པའི་ཕྱོགས་སུ་སློབ་གྲྭ་བཙུགས།།
མགོན་མེད་གཅེས་ཕྲུག་མང་པོའི་མི་ཚེ་ལ།།
མ་འོངས་མདུན་ལམ་བཟང་པོ་སྟོན་ལ་མཁས།།
རིགས་རུས་ཆེ་ཆུང་མཐོ་དམན་མ་ཕྱེད་ནས།།
སྐྱབས་མེད་དྭ་ཕྲུག་མང་པོ་བྱམས་ཀྱིས་བསྐྱངས།།
འདི་ཕྱི་གཉིས་ཀྱི་ཕན་བདེ་ལམ་བཟང་བསྐྲུན།།
གྲུབ་དབང་བླ་མའི་མཛད་པ་ཁྱེད་ཀྱིས་སྤེལ།།
སྙིགས་དུས་འགྲོ་བའི་བསོད་ནམས་ཆུང་བའི་རྐྱེན།།
གཟུགས་སྐུ་མཚན་དཔེ་མེ་ཏོག་ཟུམ་འདི་སྐྱོ།།
མི་བརྟན་འཁོར་བའི་གདུལ་བྱ་འདིར་འབོར་ནས།།
རེ་ཞིག་དག་པའི་ཞིང་དུ་གཤེགས་སོང་ཀྱེ།།
༢༠༢༡/༠༦/༢༠
༣. མྱ་ངན་རྗེས་དྲན།
བླ་མ་ནུ་རུ་ཤར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།
ཀྱེ་མ།
ཐོས་ན་སྙིང་གས་ཤོར་བའི་གནས་ཚུལ་ཞིག།
བསམ་ན་ཡིད་སྐྱོ་གཏོལ་མེད་ལུས་པ་ཞིག།
བསམ་གིན་བསམ་གིན་སྙིང་རླུང་ལྡང་ནས་འོང་།།
ཀུན་ལ་བརྩེ་བའི་ཕ་རྒན་བཞུད་དེ་ཐལ།།
དམ་པ་ཁོང་ལ་སྐྱེ་འཆི་མ་འཆིས་ཀྱང་།།
ཤུལ་ལུས་དྭ་ཕྲུག་ངེད་རྣམས་བོར་སོང་ཐལ།།
ཉི་མའི་དཀྱིལ་འཁོར་ལ་རྒྱབ་གཤེགས་ཏེ་ཐལ།།
ཤུལ་ལུས་པད་ཆུང་གཉེན་མེད་གདུང་ཏེ་ཐལ།།
གྲུབ་དབང་བླ་མའི་ཐུགས་ཀྱི་སྲས་ཆེན་དེ།།
ཕ་བཟང་ཁོང་འདྲ་སྲིད་པ་འདི་ན་དཀོན།།
ཐུགས་རྗེས་གཟིགས་ཤིག་རྒྱལ་བ་རྒྱ་མཚོའི་ཚོགས།།
བླ་མ་རྗེ་ཡི་ས་ལམ་བར་ཆད་ཀུན།།
འོད་གསལ་ཆོས་སྐུའི་ངང་དུ་རང་ཞི་ནས།།
བར་དོར་ལོངས་སྐུ་ཐུགས་རྗེ་ཆེན་པོའི་རྐྱེན།།
སླར་ཡང་མངོན་བྱང་སྤྲུལ་པའི་སྐུར་བཞེངས་ཏེ།།
བསྟན་འགྲོར་སྨན་པའི་མཛད་པ་མཐར་ཕྱིན་ཤོག།
༤. ཡང་སྲིད་བཙོ་མ་གསེར་སྐུ་མྱུར་མཇལ་ཤོག
རོང་ཕྲུག སྔ་འགྱུར་མཐོ་སློབ་ཆེན་མོ།
༧གྲུབ་དབང་བླ་མའི་ཐུགས་ཀྱི་སྲས་གཅིག་པོ།།
མཁས་བཙུན་བཟང་པོའི་ཡང་རྩེར་སོན་མཛད་པོ།།
གཞན་དོན་མཛད་ལ་སྐྱོ་ངལ་མེད་མཁན་པོ།།
སྡེ་སྣོད་འཛིན་པའི་གཙུག་གི་རྒྱན་གཅིག་པོ།།
བསླབ་གསུམ་གསེར་ཆུས་རང་རྒྱུད་བརླན་མཛད་ཅིང་།།
ཆགས་སྡང་ཕྱོགས་རིས་དྲི་མས་མ་འགོས་པ།
ཡོད་ཚད་བདག་གིར་འཛིན་པའི་དུས་འདི་ན།།
ཁྱེད་ཉིད་གཅིག་པུ་གཏོང་ཕོད་ཅན་ཡིན་ནོ།།
རྐང་གཉིས་ཕལ་ཆེར་རང་དོན་ཁོ་ནར་བརྩོན།།
ཁྱེད་ནི་དེ་ལས་ལྡོག་སྟེ་གཞན་དོན་མཛད།།
དུས་རབས་གསར་པའི་གཞོན་སྐྱེས་མི་ཉུང་བར།།
དུས་དང་མཐུན་པའི་ཤེས་ཡོན་སྟེར་བར་བྱེད།།
མཐའ་འཁོབ་གྲོང་གསེབ་དག་གི་བྱིས་པ་ཚོར།།
གཙོ་བོར་དམིགས་ཏེ་སློབ་གྲྭ་དགོན་པ་བསྐྲུན།།
ཕུག་རྒྱང་རིང་མོར་ལྟ་བྱེད་མིག་ཕྱེ་ནས།།
སྣ་མང་ཤེས་བྱའི་མེ་ཏོག་འཐུ་རུ་བཅུག །
དཀའ་བ་བརྒྱ་ཕྲག་དུ་མ་ཐུགས་སྦས་ནས།།
བསྟན་འགྲོའི་དོན་དུ་མཛད་ཕྲིན་བསྐྱངས་མཛད་དེ།།
རྟག་འཛིན་གདུལ་བྱ་དེ་དག་འདུལ་སླད་དུ།།
རེ་ཞིག་མི་མངོན་དབྱིངས་སུ་ཐིམ་ཚུལ་བསྟན།།
ངེད་ཅག་བྱིས་པ་རྨོངས་ངན་ཤུལ་བསྐྱུར་ནས།།
མཁན་ཆེན་ཁྱེད་ཉིད་གཅིག་པུར་ཞིང་གཤེགས་པ།།
སེམས་ཀྱིས་བཟོད་པར་མི་འདུག་ཀྱེ་བླ་མ།།
སླར་ཡང་གནས་འདིར་མྱུར་དུ་བྱོན་མཛོད་ཅིག།
མགོན་པོ་གང་དུ་གཤེགས་པའི་ལམ་དེ་ནས།།
བར་ཆད་བདུད་ཀྱི་དགྲ་བགེགས་མེད་བྱས་ཏེ།།
ཐུགས་ཀྱི་བཞེད་དོན་ཐ་དག་འགྲུབ་འགྱུར་ཅིང་།།
ཡང་སྲིད་བཙོ་མ་གསེར་སྐུ་མྱུར་མཇལ་ཤོག།
༢༠༢༡/༦/༡༩ ཕྱི་དྲོ་ཡིད་སྐྱོ་ལྷང་ངེར་ངང་གྲྭ་ཚང་ཁང་གསར་ནས་བྲིས།
༥. རིན་པོ་ཆེ། ཁྱེད་ཕེབས་པ་སྔ་སོང་།
མདའ་སྨྱུག སྔ་འགྱུར་མཐོ་སློབ་ཆེན་མོ།
ལྟེ་ཁྲག་དཀར་མོ་ནུབ་རི་རུ་བཞད་ཅིང་།།
མཁས་པའི་གཤོག་རྩལ་རྣམ་གླིང་དུ་རྗོགས་པ།།
བསྟན་འགྲོའི་མཛད་པ་ཕྱོགས་ཀུན་ཏུ་ཁྱབ་མཛད།།
ཆོས་རྗེ་བཀྲ་ཤིས་ཚེ་རིང་ལ་གུས་འདུད།།
མཚན་དཔེ་འོད་འབར་རྟ་བདུན་གྱི་དབང་པོར།།
སྐྱེ་རྒ་ན་འཆི་བགྲེས་རྒུད་སོགས་བྲལ་ཀྱང་།།
དག་ཅག་བསོད་ནམས་ཅུང་ཙམ་ཞིག་ཞན་པས།།
ནུབ་རིར་བཞུད་པའི་ངང་ཚུལ་འདི་སྐྱོ་བ།།
ཚ་གདུང་སེལ་བའི་ཉ་གང་གི་ཟླ་བ།།
བྱིན་རླབས་ཟེར་ཐིགས་འོད་ཕྲེང་དང་བཅས་ཏེ།།
མ་ཚོགས་སྤྲིན་སྤུངས་ལང་ལོང་གི་ཁྲོད་ནས།།
མི་མངོན་དབྱིངས་བཞུགས་ངང་ཚུལ་འདི་སྐྱོ་བ།།
ཐུགས་ཀྱིས་བཏགས་པའི་འགྲོ་ཀུན་གྱི་ཚོགས་ལ།།
མ་འདོར་དམ་བཅས་རང་གཤིས་སུ་ཡོད་པ།།
སར་གནས་སེམས་དཔའ་སྤྱོད་ཡུལ་གྱི་ཁམས་སུ།།
འགྲོ་ཀུན་དོར་ནས་ཕེབས་པ་འདི་སྲིད་དམ།།
དབྱིངས་ནས་ཕེབས་པའི་མ་ཚོགས་ཀྱི་མཁའ་འགྲོས།།
དཀར་དམར་དར་ཐག་ལྷུབ་ལྷུབ་ཏུ་བརྐྱངས་ཤིང་།།
རྩལ་ལྡན་རླུང་གི་རྟ་མཆོག་ལ་བསྐྱོན་ཏེ།།
ཡབ་རྗེ་དམ་པ་གང་ཞིག་ལ་བསུས་སོང་།།
གང་གིས་སྐྲུན་པའི་ཉི་ཁྱིམ་ལ་རེ་བ།།
རྗེས་འཇུག་དཔུང་ཚོགས་ཕྱག་ཟུང་གི་འདབ་མ།།
གཅིག་ཏུ་ཟུམ་དུས་སྨེ་ངག་གི་སྒྲ་དེ།།
གནམ་ས་བར་ན་གསན་པ་འདྲ་ཨེ་བྱུང་།།
ལུས་ཅན་སྙིང་གི་ནོར་བུ་དེ་བརླགས་པས།།
དྲན་པ་འགྱེལ་བའི་གླང་རྒོད་བཞིན་ཆགས་སོང་།།
གཏད་སོ་མེད་པའི་སྐྱོ་གླུ་དེ་གྱེར་བཞིན།།
ཡིད་ཐང་ཆད་སོང་མགོན་པོ་ཁྱེད་གཟིགས་སམ།།
སྡུག་གི་རྦ་རླབས་དྲག་ཤུགས་ཀྱིས་འཕྱོ་ཞིང་།།
གནག་པའི་མུན་པ་ས་སྟེང་དུ་འགེངས་སོ།།
ཉི་མའི་མེ་ལོང་ནུབ་རི་རུ་ཡིབས་སོང་།།
དུས་ཀྱི་སྒྲོན་མེ་གང་ཞིག་ན་འཚོལ་དགོས།།
རང་ཚུགས་སྤྲེལ་ལད་ས་སྟེང་དུ་བརྡོལ་ཞིང་།།
ཡིད་སྲུབས་ཉམས་དགའ་རླུང་བུ་ཡིས་དེད་འགྲོ།།
ཚུལ་ཁྲིམས་སྡོང་པོ་གཙུག་ས་ན་ཉེ་ཚེ།།
བསླབ་བྱ་དྭངས་མ་གང་ཞིག་ལ་བཞུད་དམ།།
མི་འགྱུར་སྲ་བའི་འོད་ཁྱིམ་ལ་རེ་བཞིན།།
གྲངས་མེད་རི་ལུང་སྐྱོགས་རྭ་རུ་ལྷགས་པའི།།
མགོན་མེད་དྭ་ཕྲུག་འདི་ག་རང་དོར་ནས།།
ཡབ་རྗེ་དམ་པ་གང་ཞིག་ན་བཞུད་སོང་།།
སྔ་སར་ལུས་པའི་གློ་བུར་གྱི་སྤྲིན་པས།།
རང་བཞིན་གཉུག་མའི་གནས་ལུགས་ལ་བསྒྲིབས་ཤིང་།།
ཇི་བཞིན་ལྟ་བའི་འདྲེན་བྱེད་དེ་ལོང་ཚེ།།
བསླབ་སྟོན་གནང་མཁན་ཤེས་ལྡན་རང་མི་འདུག།
དུག་གསུམ་འཐོར་རླུང་དྲག་ཤུགས་སུ་གཡོ་བས།།
ས་རུ་ཟགས་པའི་དམར་ལྷན་ཡང་བསྐྱོད་ཅིང་།།
རྣམ་དཀར་དགེ་བ་བྱེ་ཐང་ལ་ལྷུང་ཚེ།།
དཔའ་བོ་བག་ཅན་ལམ་སྟོན་རང་མི་འདུག།
སྐལ་བཟང་རྗེས་འཇུག་དམར་སེར་འགའི་ཚོགས་ཀྱིས།།
ཉིན་མཚན་མེད་པ་སྐྱོ་གདུང་གི་དྲན་པས།།
མཆི་མའི་ཆར་རྒྱུན་སྔོན་འགོག་རང་མེད་པ།།
དཔལ་ལ་འགྲན་པ་ཁྱེད་ཉིད་ཀྱིས་གཟིགས་སམ།།
གློ་བུར་འཆར་བའི་མེ་ལོང་གི་ངོས་སུ།།
སྐུ་མཚར་ལྡེམ་ཞིང་ཁྱེད་རང་འདྲ་མཐོང་ཡང་།།
ཡངས་པོར་བསམ་ཚེ་རྗེས་བཤུལ་གྱི་རྣམ་པ།།
སྐྱོ་བའི་ལྕི་ཁུར་གཟོད་ཐབས་ཤིག་མི་འདུག།
མཚམས་ཤིག་རི་བུམ་གྲོང་ཁྱེར་གྱི་དབུས་སུ།།
གཟི་བརྗིད་རྒྱས་པའི་དཔྱིད་དཔལ་གྱི་སྐུ་གཞོན།།
གྲྭ་སྡེ་དབུས་སུ་མངོན་སུམ་རང་མཇལ་བའི།།
དེ་དུས་དྲན་ཚེ་དབང་མེད་དུ་སྐྱོ་བ།།
ཚུལ་དང་ལྡན་པའི་ཟླ་བ་བཞིན་རྫོགས་པ།།
དུས་གསུམ་ཀུན་གྱི་མན་ངག་གི་བསྟི་གནས།།
རྙེད་པར་དཀའ་བའི་དགོས་འདོད་ཀྱི་ཀུན་འབྱུང་།།
སྲིད་འདིར་བཟུང་ཡང་རྨི་ལམ་ལྟར་གྱུར་སོང་།།
བགྲང་བྱ་ཡས་མས་གསང་སྔགས་ལ་སྦྱོར་བའི།།
ཐུན་མིན་རིང་ལུགས་དྲི་མེད་ཀྱི་བདུད་རྩི།།
ཐབས་ཤེས་ཡངས་པོར་གང་བྱོ་ཡི་ཚུལ་དུ།།
བསྩལ་བའི་སྐལ་བཟང་རྨི་ལམ་ལྟར་གྱུར་སོང་།།
མཚུངས་པ་མེད་པའི་འགྲོ་ཀུན་གྱི་སྐྱབས་གནས།།
མགོན་མེད་ལུས་པའི་ཉོན་མོངས་ཅན་དག་ལ།།
བྱམས་བརྩེ་འགྱུར་མེད་དལ་ཅིག་ཏུ་གཟིགས་ནས།།
ཁྱེད་ཉིད་ཡང་སྲིད་བྱིན་རླབས་ཤིག་སྩོལ་ཅིག།
ནགས་ཀླུང་མཐིབས་པོ་ཙནྡན་གྱི་ཁྲོད་ནས།།
རྗེས་དྲན་བྱེ་མའི་རི་བརྩེགས་ཀྱི་ཕུང་པོ།།
དྲན་གདུང་རྒྱ་མཚོ་རླུང་བུ་དང་བསྡོངས་ཏེ།།
ཡབ་རྗེ་མཆོག་ལ་མཆོད་པ་ཞིག་འབུལ་ཡོད།།
དད་ལྡན་ཚོགས་ཀྱི་རེ་སྨོན་གྱི་སྐྱ་རེངས།།
འགྱུར་མེད་དད་པ་རླབས་ཆེན་དང་འགྲོགས་ཏེ།།
བྱིན་རླབས་འོད་སྤུངས་ཉིན་བྱེད་ཀྱི་དབང་པོ།།
མྱུར་དུ་བྱོན་ཆེད་མཆོག་གསུམ་གྱིས་གནོངས་རོགས།།
རི་བུམ་གསེར་གྱི་གཙུག་ཏོར་གྱི་རྩེ་ལ།།
ཡང་སྲིད་ཉི་གཞོན་འོད་ལམ་དུ་འཕྲོས་ནས།།
དད་ལྡན་ཚོགས་བློ་གྲོས་ཀྱི་འདབ་བརྒྱས།།
འབད་མེད་ལྷུན་གྲུབ་ཉིན་བཟང་ཞིག་སྨོན་ནོ།།
འཁྲུལ་མེད་རྡོ་རྗེ་ཡང་སྤྲུལ་གྱི་སྐུ་ལ།།
ངུར་སྨིག་རྒྱལ་མཚན་གོས་འཆང་དེ་བཀླུབས་ནས།།
ཚུལ་ཁྲིམས་དྲི་བསུང་ཕྱོགས་ཀུན་ཏུ་གདུག་ཚེ།།
བན་ཆུང་ང་ལ་ཅུང་ཙམ་ཞིག་སྨོན་ནོ།།
ཐུགས་ཀྱི་འོད་ཕྲེང་ས་སྟེང་དུ་ཟགས་ནས།།
འགྲོ་བློའི་གཉིས་འཛིན་སྒྲོ་འདོགས་དེ་བཅོམ་ཞིང་།།
ཆོས་ཀྱི་དབྱིངས་ཀྱི་ལམ་ཁ་དེ་བསྟན་པས།།
ཕྱམ་གཅིག་གང་དང་དབྱེར་མེད་དུ་སྨོན་ནོ།།
༦. ཅི་སྟེ་ཁྱེད་ཉིད་ཞི་བར་གཤེགས་ལགས་སམ།
འཇིགས་མེད་དགྲ་འདུལ། བལ་ཡུལ།
ཡབ་རྗེ་བླ་མའི་གསང་གསུམ་རྣམ་ཐར་གྱི།།
ཕྲིན་ལས་ཆ་ཤས་ལྡན་པའི་མཁན་ཆེན་མཆོག།
བཤུལ་ལུས་སློབ་འབངས་བརྒྱ་ཕྲག་བོར་མཛད་ནས།།
ཅི་སྟེ་ཁྱེད་ཉིད་ཞི་བར་གཤེགས་ལགས་སམ།།
དཔལ་ཡུལ་གླིང་དང་སྔ་འགྱུར་རྗེས་དྲན་དང་།།
དཔལ་ཡུལ་བྱང་ཆུབ་དར་རྒྱལ་གླིང་ལ་སོགས།།
ད་དུང་འཛིན་སྐྱོང་སྤེལ་ལ་ལྷག་གྱུར་ན།།
ཅི་སྟེ་ཁྱེད་ཉིད་ཞི་བར་གཤེགས་ལགས་སམ།།
རྒྱལ་བའི་བསྟན་པ་སྤྱི་དང་སྔ་འགྱུར་ཏེ།།
ཡང་སྒོས་དཔལ་ཡུལ་བ་ལ་དགོངས་བཞེས་ཏེ།།
ཅིས་ཀྱང་བགྲང་བྱ་འགའ་ཞིག་བཞུགས་དགོས་མོད།།
ཅི་སྟེ་ཁྱེད་ཉིད་ཞི་བར་གཤེགས་ལགས་སམ།།
གང་ཁྱེད་རྣལ་དུ་གཟིམ་པའི་གཏམ་ངན་གྱིས།།
རྒན་གཞོན་བར་མེད་ཀུན་པོ་ཐེ་ཚོམ་གྱིས།།
སད་པའམ་རྨིས་པ་གང་ཡིན་རྨོངས་གྱུར་ན།།
ཁྱེད་ཉིད་ཅི་སྟེ་ཞི་བར་གཤེགས་ལགས་སམ།།
སྐུ་ཉིད་བཞུད་པ་ཅུང་ཟད་མ་སྔའམ།།
བཤུལ་ལུས་སློབ་འབངས་རྣམས་ལ་མ་དགོངས་སམ།།
རྒྱལ་བསྟན་ཉག་ཕྲར་གྱུར་པར་མ་དགོངས་སམ།།
ཅི་སྟེ་ཁྱེད་ཉིད་ཞི་བར་གཤེགས་ལགས་སམ།།
ཀྱེ་མའོ་ཀྱེ་མ་མཁན་ཆེན་རིན་པོ་ཆེ།།
སླར་ཡང་ཐུགས་རྗེའི་བརྩེ་བས་ཉེར་གཟིགས་ནས།།
བསྟན་དང་འགྲོ་བ་རྣམས་ལ་ལེགས་དགོངས་ཏེ།།
ཡང་སྤྲུལ་ཉི་གཞོན་དབང་པོ་མྱུར་འབྱོན་གསོལ།།
༡༩/༠༦/༢༠༢༡
«གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ་བར་ཆ་»འདིར། ངེད་དྲྭ་བས་རྩོམ་ཡིག་ལེགས་མིན་ལ་མ་ལྟོས་པར། བཅད་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [བར་ཆ།]
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།








No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།