སྤྲུལ་སྐུ་བསྟན་པ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
ངའི་དེ་སྔོན་ནས་རྒྱུས་མངའ་ཅན་ཚོའི་ངག་ལས་སྐྱེས་ཆེན་ཞིག་གི་མཚན་ཡང་ཡང་གོ་མྱོང་བ་སྟེ། དེ་ཡང་ཁོ་ཚོས་ཟེར་ན་སྐྱེས་ཆེན་དེ་ནི་མངོན་མཁྱེན་ལ་འགྲན་ཟླ་བྲལ་བ་དང་། ཉེ་དུས་ཀྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་ཞིང་ཕེབ་མཁན་པོ་ཨ་ཁྱུག་ཚང་གི་ཐུགས་སྲས་སྙིང་གི་ཐིག་ལེ་དེ་ཡིན་པ་དང་། ད་ལྟ་གོ་ལའི་ཡང་ཐོག་གི་གྲུབ་པའི་བསྟི་གནས་ཆེ་ཤོས་ཡ་ཆེན་ཆོས་སྒར་ཆེན་པོའི་དབུ་འཛིན་ཡིན་པ་མ་ཟད། ཁོང་ནི་སྤྲུལ་སྐུ་ཞིག་ཀྱང་ཡིན་པར་བཤད་སོང་།
འོན་ཏེ་ཁོ་བོ་ཡང་ཞིབ་ཕྲ་ནས་ཤེས་མིན་ལ་མ་ལྟོས་པར་བོད་ཁུལ་གྱི་སྐྱེས་ཆེན་ཚོས་རྣམ་ཐར་ལ་རྒྱུས་མངའ་ཡོད་མཁན་ཡིན་པ་དང་། བོད་ཁུལ་དུ་དེང་སང་ཡང་གྲུབ་པའི་ལམ་རྟགས་མངོན་སུམ་དུ་འདོན་མཁན་བླ་མ་དང་། གཏེར་སྟོན་དེ་འདྲ་རྒྱུན་ལྡན་ནས་ཡོད་པ་སྔ་ས་ནས་ཤེས་ཀྱི་ཡོད་སྟབས། ཁོང་ལ་ཐུན་མིན་གྱི་ཡོན་ཏན་གཞན་མ་མཐོང་བས་ཕལ་ཆེར་ཡིན་ལས་ཆེ་སྟེ། གང་ལྟར་སྐྱབས་སུ་མཆི་སྙམ་པའི་ཚོར་བ་སད་སུད་ཅིག་ལས་མ་སྐྱེས། དེ་རྗེས་སུད་སིར་བཞུགས་པའི་རིག་འཛིན་ནམ་མཁའ་རྒྱ་མཚོ་ཞུ་བའི་བླ་མ་དེས། ལོ་ལྟར་འདོན་བཞིན་པའི་«སྔ་འགྱུར་རིག་འཛིན་»ཞེས་པའི་ཟླ་ཟུང་དུས་དེབ་ཅིག་གི་ཐོག་ཏུ། སྐྱེས་ཆེན་ནམ་སྤྲུལ་སྐུ་ཁོང་གི་རྣམ་ཐར་ཞིག་བཏོན་འདུག རྣམ་ཐར་གྱི་ཁ་བྱང་དུ། མཆོག་སྤྲུལ་གསང་སྔགས་བསྟན་འཛིན་གྱི་མཛད་བསྡུས། ཞེས་འཁོད་འདུག རྣམ་ཐར་འབྲི་སྟངས་དེ་ཡང་ཚན་པ་ཚན་པ་བཀར་ནས་ལྟ་ཀློག་བདེ་བའི་ཁྱད་ཆོས་ལྡན་པའི་ཁར། དེ་སྔོན་ལན་མང་གོ་མྱོང་བའི་སྐྱེས་ཆེན་དེའི་རྣམ་ཐར་ཡིན་འདུག་སྟབས། དུས་དེབ་དེ་ལག་ཏུ་ཚུད་མ་ཐག་ཏུ་འགྱངས་པ་མེད་པར་བཀླགས་པ་ཡིན། ཐེངས་གཅིག་མིན་པར་ཐེངས་འགའ་ལྟ་ཀློག་བྱས་པས། གཟོད་ཁོང་གི་སྐོར་དགའ་རབ་ཅིག་ཤེས་པ་བརྒྱུད།དེང་སང་སྤྲུལ་སྐུ་རུ་བསྙད་པ་ཕལ་ཆེ་བ་ཚོའི་མཛད་པ་ལས་འགོངས་པའི། ཁོང་གི་ཐུན་མིན་བསྟན་འགྲོའི་དོན་ཆེན་སྐྱོང་སྟངས་རྣམས་ལ། དད་འདུན་ཤ་གསེང་རུས་གསེང་དུ་ཟུག་པ་ལྟར་གྱི་ཚོར་བ་རྣོན་པོ་ཞིག་འགོག་མེད་དུ་སྐྱེས་བྱུང་།
དེ་ནས་བཟུང་ངས་སྤྲུལ་སྐུ་ཁོང་མངོན་སུམ་དུ་ཞལ་མཇལ་གསུང་ཐོས་ནི་བྲལ་གཤིས། ད་ནི་ང་ལ་ཐབས་ཤིག་ཡོད་པ་ནི་སྐད་ཕྲིན་རྒྱུད་མཇལ་ཐབས་དང་། གསུང་གི་བྱིན་རླབས་རག་པ་བྱ་རྒྱུ་དེ་ཡིན་པས། རྒྱ་གར་དུ་སྐད་ཕྲིན་གྱི་སྒོ་མོ་མ་གཏན་པའི་སྔོན་ཏེ། ངའི་གཉེན་ཚན་ཨ་ནེ་ཞིག་ཡ་ཆེན་སྒར་དུ་ཡོད་པ་དེ་ལ་སྐད་ཕྲིན་དུ་སྐད་ཅིག་བསྐུར་ཏེ། སྤྲུལ་སྐུ་རིན་པོ་ཆེ་མཇལ་ཁ་རག་ན་སྨྲས། ལམ་སང་དཀའ་མོ་རེད། ཡིན་ནའང་ཐབས་ཤེས་བྱ་འོང་ཟེར། དེ་ནས་ཉིན་མང་པོ་ཞིག་སོང་བའི་རྗེས་དེར། གློ་བུར་དུ་གཉེན་ཚན་ཨ་ནེས་སྐད་ཕྲིན་ན་སྐད་ཅིག་སྐུར་འདུག ངས་དེ་ལ་ཉན་པས་ཁོང་ནས་ད་ལྟ་སྤྲུལ་སྐུ་མཇལ་ཁ་རག་ས་རེད། ཡིན་ནའང་ཁ་གང་བྱུང་མ་བཤད་ཨ་ཅེས་བསླབ་བྱ་སྤྲད་བྱུང་། གོ་སྐབས་དེ་ང་ལ་རག་འོང་བ་ནི་དེ་དུས་གཉེན་ཚན་ཨ་ནེ་མོ་རང་སྤྲུལ་སྐུའི་ཉེ་གནས་ལ་ཁེལ་འདུག་པས་རེད། ངས་ཀྱང་དེ་ལུགས་ཁས་ལེན་བྱས་པའི་སྐད་ཅིག་སྐུར། དེ་རྗེས་ཅང་མ་འགོར་བར་ཁ་པར་གྱི་སྒྲ་ཞིག་གྲགས་བྱུང་། ངས་ཀྱང་ལག་ཏུ་རྟེན་འབྲེལ་མཚོན་བྱེད་ཁ་བཏགས་སེར་པོ་ཞིག་གྲ་སྒྲིག་གིས་ཁ་པར་ལེན་འགོ་བརྩམས། ངས་ཁ་པར་ལ་ཕར་བལྟས་པ་དང་། ཚུར་ལ་སྟོད་འགག་མནབ་མཁན་བོད་ཁུལ་གྱི་བླ་མ་ཞིག་གི་བཟོ་ལྟ་ཡོངས་སུ་ཚང་བ་ཞིག་གིས། "འོ། སྐུ་ཚེ་རིང་།" ཞེས་ཞལ་འཛུམ་མུལ་ལེར་ཁོ་བོ་ལ་གཟིགས་ནས་འདུག དེ་ནི་གཞན་ཞིག་མིན་ཏེ། ངས་མཇལ་འདོད་ཀྱི་འདུན་པ་རླབས་ལྟར་འཕྱུར་མྱོང་སའི་སྤྲུལ་སྐུ་ནམ་མཁའི་སྙིང་པོ་རེད། དེ་ནས་ཁོ་བོས་ཤེས་ནས་ཐོབ་པའི་དགའ་དད་ཀྱི་ཚོར་བའི་ངང་ནས་སྤྲུལ་སྐུ་རིན་པོ་ཆེར་མཇལ་དར་བཟུང་སྟེ་མཚམས་འདྲི་ཞུས་པ་ན། "ཁྱེད་གང་ནས་ཡིན་ཁི་མོ་"གསུངས་བྱུང་བས། ང་རྣམ་གྲོལ་གླིང་ནས་ཡིན་ཞུས། སྤྲུལ་སྐུ་རིན་པོ་ཆེས་ཡང་སྐྱར་ཚུར་ལ་ཨ་ཞེས་གསུངས་པས། ༸གྲུབ་དབང་པདྨ་ནོར་བུའི་དགོན་པ་ནས་ཡིན་ཞུས་པ་དང་། "འོ་ལགས་སོ།" ཞེས་མཁྱེན་སོང་བའི་བརྡ་བསྟན་གནང་བྱུང་། དེ་ནས་ཁོ་བོས་ནང་མའི་བཀའ་མོལ་འགའ་དང་། བསྟན་འགྲོའི་དོན་ཆེན་ཡོང་བའི་གསོལ་འདེབས་སྐྱབས་འཇུག་སོགས་ཞུས་པས། "འོ་ཡ་ཡ།" ཞེས་ཁས་ལེན་གནང་བྱུང་། ཚུར་ལ་གདམས་པ་འགའ་གསུངས་རྒྱུའི་གསོལ་འདེབས་ཞུ་དགོས་དྲན་ཡང་ཞུ་མ་སྤོབས། འོན་ཀྱང་སྤྲུལ་སྐུ་རིན་པོ་ཆེས། མཐའ་མའི་མཐའ་དོན་དེར། "རང་རེས་ཆོས་ཡག་མོ་སྒྲུབ་དགོས་པ་དང་། ཉི་མ་སང་ཉིན་འདྲ་ཤི་སོང་ཡང་བློ་འགྱོད་མེད་པ་ཞིག་བཟོ་དགོས་རེད་ཨ་"ཞེས་གསུངས་པ་གནང་། བློ་ཁ་ཆོས་ལ་ཕྱོགས་དགོས་པའི་གདམས་པ་འདི་ནི་གདམས་པ་གསེར་གྱི་ཡང་ཞུན་མིན་ན་ཅི་ཡིན།
མཐའ་དོན། སྤྱིར་བོད་ཀྱི་སྤྲུལ་སྐུར་གྲགས་པ་རྣམས་རང་རང་གི་སྐྱེ་རབས་དེད་དུས། རྗེ་འབངས་ཉེར་ལྔ་སོགས་རྩ་ཆེ་ཆེ་ནས་མར་དེད་རྒྱུ་ཞིག་ཡོད་པ་ཐུན་མོང་ཡིན་མོད། ངས་ངེས་པ་དོན་གྱི་སྤྲུལ་སྐུ་རིན་པོ་ཆེ་ཁོང་ལ་དད་པ་སྐྱེས་ལུགས་ནི་དེ་ཙམ་གྱིས་ག་ལ་ཡིན་ཏེ། ཁོང་ནི་ཞེ་ས་མ་ཞུས་ན་སྐུ་གོང་མའི་བག་ཆགས་ཀྱི་མཐུ་ཡོང་སུ་སད་པའི་སྤྲུལ་པའི་སྐུ་འཁྲུལ་མེད་ཅིག་ཡིན་པ་དང་། ལྷག་པར་རྒྱལ་དབང་པདྨ་ཀ་རའི་ཕོ་ཉ་ཕྲིན་ལས་དུས་བབས་མངོན་སུམ་སྙོན་དུ་མེད་པ་ཕར་བལྟས་ཚུར་གསལ། རྩོད་མེད་རྩོད་བྲལ་དུ་གྲགས་ཤིང་གྲུབ་པ་ཞིག་ཡིན་འདུག་པས་ནའོ།།
༢༠༢༡/༠༦/༡༣ ཉིན། བསྟན་པ་རྒྱལ་མཚན་ནམ་སྤྲུལ་མིང་རིག་འཛིན་ངེས་དོན་ཕྲིན་ལས་རྡོ་རྗེས་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སྤྲུལ་སྐུ་རིན་པོ་ཆེ་ནམ་སྙིང་ཚང་མཇལ་བ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།