རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 12 September 2021

ཞི་བདེ་ཉི་མའི་སྙན་ངག་ཁག་གཉིས།

ཡོང་ཁུངས།: སྒང་ལམ་པའི་རྩོམ་རིག་འཕྲིན་སྟེགས།


⊰ མི། ⊱

ཕ་བོང་ཟླུམ་པོ་འདི།
ང་ལས་ལྡབ་འགྱུར་གྱིས་ཆེ།
ངས་རི་གཤམ་ནས་རི་རྩེ་རུ་སྒྲིལ་གྱིན་ཡོད།
འདི་ནི་སུ་ཞིག་གི་བཀའ་ཁྲིམས་ཡིན་མིན།
ངས་ཁྱོད་ལ་གསལ་བཤད་བྱ་མི་སྲིད།
དུས་ནམ་ཞིག་གི་ཚེ།
ངས་ཕ་བོང་ཟླུམ་པོ་འདི་སྒྲིལ་ནས།
རིའི་རྩེ་མོ་རུ་བསླེབ་ངེས།
དེ་དུས། ང་དང་ཕ་བོང་ཟླུམ་པོ།
ངས་གང་ལ་འཇོག

རི་གཤམ་གྱི་མི་ལགས།
ཁྱོད་ལ་བློ་ཐབས་ག་འདྲ་འདུག

༢༠༢༡/༠༩/༡༨ 

⊰ སྐྱ་ཀ་ཁྱུ་ཞིག ⊱

སྟོན་ཚུགས་སོང་། སྐྱ་ཀ་ཁྱུ་ཞིག 
རི་གྲོང་འདིར་འཕུར་ཡོང་།
ངའི་གཞིས་མཁར་ལ་བབས་ནས།
ཀྱུར་ཀྱུར་ཅར་ཅར་བར་མེད་སྒྲོག་གིན།
ང་ལ་གསང་ཚིག་ཅི་ཞིག་བརྟོལ་སོང་བ།
ནམ་མཁས་ང་ལ་འགྲེལ་མ་སོང་།
སྐྱ་ཀ་ཁྱུ་ཞིག ངའི་མཁར་ཁ་རུ།
བསྟར་ཕྲེང་དུ་བསྒྲིགས།
ང་རང་སྤྲོ་སྣང་ཅན་གྱི་མི་ཞིག་ལ་བཟོས།
ངས་ཀྱང་རང་ལ་མཁོ་བའི་བཟོ་ལྟ་ཞིག
ནམ་མཁའ་ལ་སྟོན་འདོད་བྱུང་།

རེ་ཞིག་ངང་། སྐྱ་ཀ་དེ་དག
རླུང་དང་བསྡེབས་ནས་འཕུར་སོང་།
ཁོ་ཚོ་ངའི་མགོ་ཐོག་ཏུ།
སྐབས་རེར་དམའ་ཞིང་སྐབས་རེར་མཐོ། 
ཁོ་ཚོས། ངའི་མཁར་ཁ་ལ།
རྟུག་པ་ཞོ་ལྟར་སྤུངས།
དེ་དོན  ངས་ཀྱང་ནམ་མཁའ་ལ་ལབ་མྱོང་མེད།

སྐྱ་ཀ་ཁྱུ་ཞིག
འདི་ལྟར་ཕར་འཕུར་ཚུར་འཕུར་བྱེད་ཀྱིན་འདུག
སྟོན་ཀའི་ཁྲོད་ཀྱི་ལོ་ལེགས་ཀྱང་།
འདི་ལྟར་སྨིན་གྱིན་འདུག
གསེར་མདོག་ལ་དགའ་བའི་མི་རྣམས་ཀྱང་།
འདི་ལྟར་རྒས་ཀྱིན་འདུག

༢༠༢༡/༠༨/༠༩

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།