ཆོས་ཉིད་གྲགས་པས་བརྩམས།
སྟོན་པ་བཅོམ་ལྡན།
ཚོགས་གཉིས་ཟུང་འཇུག་རབ་ཏུ་རྣོ་བས་སྐུ་གསུམ་ཡོངས་སུ་རྫོགས་པའི་དཔལ། །མཁྱེན་གསུམ་མངོན་རྟོགས་དྭངས་མ་ཡིན་པས་འཁོར་འདས་སྒྱུ་མའི་ཆོས་ཀུན་གཞལ། །མཐའ་ཀླས་གདུལ་བྱར་བདེན་གཉིས་རྟེན་འབྲེལ་ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར། །ཏིང་འཛིན་ལྷ་སྔགས་གྲུ་ཆར་རབ་འཇོ་བཅོམ་ལྡན་བདེ་བར་གཤེགས་པ་ཀྱེ།།དཔལ་མགོན་འཕགས་པ་ཀླུ་སྒྲུབ།
མཚན་འཛིན་སྤྲོས་པ་ཡེ་ནས་དག་པ་སྡེབ་ལེགས་དཔལ་གྱི་འོ་མཚོ་འཁྱིལ། །ཞུམ་མེད་རྡོ་རྗེ་གཡུང་དྲུང་རིས་པ་ཕན་དང་བདེ་བའི་སྙིང་རྗེ་བལྟམས། །ངེས་དོན་རྒྱལ་བའི་བསྟན་པ་ཉིད་ལ་གསང་ཆེན་རྟེན་འབྲེལ་ཟབ་མོ་འབྱེད། །རྒྱལ་བའི་ལུང་ལས་ཡང་ཡང་གྲུབ་པའི་ཤིང་རྟ་ཆེ་གང་ཀླུ་སྒྲུབ་རྒྱལ།།སློབ་དཔོན་ཨརྱ་དེ་ཝ།
མངལ་གྱི་དྲི་མ་རིང་དུ་འདོར་ཅིང་དག་པ་ཡེ་ཤེས་རང་ངོར་འཆར། །སྲིད་ཀྱི་རྒྱལ་ས་ཞེན་མེད་རབ་བཞག་ལི་ཁྲི་མཛེས་པའི་ངུར་སྨྲིག་གསོལ། །ཕན་དང་རྒོལ་བའི་བཀའ་ཡིས་ལྡོག་མེད་མུ་སྟེགས་བྱེད་སོགས་ཚར་དུ་བཅད། །དབུ་མའི་སྙིང་པོ་ཆེས་ཆེར་སྤེལ་མཛད་འཕགས་པ་ལྷ་ཉིད་གཙུག་ན་རྒྱལ།།སློབ་དཔོན་སངས་རྒྱས་བསྐྱངས།
ཕྱི་དང་ནང་གི་གྲུབ་པའི་མཐའ་ལ་མཁྱེན་དང་བློ་ཡི་ཤེས་རབ་འབར། །ཆོས་དང་ཆོས་མིན་ཆོས་རབ་རྣམ་འབྱེད་ཆགས་མེད་གསེར་གྱི་ཞུན་མར་སྦར། །དོན་དང་དོན་མིན་དོན་དམ་སྤྲོས་བྲལ་རང་གྲུབ་རིག་པས་གསལ་བོར་རྟོགས། །འཕགས་པ་ཀླུ་ཡི་ཉེ་བའི་སྲས་མཆོག་གྲུབ་བརྙེས་སངས་རྒྱས་བསྐྱངས་གང་རྒྱལ།།སློབ་དཔོན་ལེགས་ལྡན་འབྱེད།
སྲིད་ཞི་མཉམ་ཉིད་ངེས་པར་ལེགས་མཐོང་མཐོང་གྲོལ་དགའ་བའི་དཔལ་དུ་བཞུགས། །མདོ་དང་དགོངས་པའི་ལྟ་བ་རྟོགས་ཤིང་གཙུག་ལག་ཁང་ཆེན་རབ་ཏུ་བསྐྲུན། །མཐའ་ཡས་གྲུབ་མཐའི་རིང་ལུགས་ཀུན་བྲལ་རང་རྒྱུད་འཛིན་པའི་ལམ་སྲོལ་ཕྱེས། །ཚུལ་གསུམ་རིག་པའི་གནས་ལ་མངའ་དབང་སློབ་དཔོན་ལེགས་ལྡན་འབྱེད་གང་རྒྱལ།།དཔལ་ལྡན་ཟླ་བ་གྲགས་པ།
འཁོར་འདས་ཆོས་ལ་ཞེན་བློ་མ་འཛིན་རྟེན་འབྲེལ་སྣ་ཚོགས་གདོད་ནས་རྟོགས། །ཟབ་རྒྱས་སྙིང་པོའི་ཆོས་ཚུལ་དེ་ཉིད་གཏིང་མཐའ་བྲལ་བའི་ཚུལ་དུ་གཟིགས། །ཡོད་མིན་མེད་མིན་ཡུལ་ལས་རབ་གསུང་ཐལ་འགྱུར་སྨྲ་བའི་ལམ་སྲོལ་བཏོད། །བསྟན་པའི་དོན་ཆེན་ཁུར་དུ་ཁྱེར་བའི་དཔལ་ལྡན་ཟླ་བ་ཡང་ཡང་བསྔགས།།རྒྱལ་སྲས་ཞི་བ་ལྷ།
སྲིད་དང་ཁྲི་ལ་སྣང་བ་མ་གཡེང་རྨད་བྱུང་གསེར་གྱི་བསླབ་སྡོམ་ཞུས། །ཀུན་ཁྱབ་བརྩེ་བའི་ཐུགས་རྗེ་མངའ་བས་སྲིད་གསུམ་སྐྱེ་དགུ་བདེ་བར་འདྲེན། །ཆོས་ཕུང་བརྒྱད་ཁྲི་གནད་ཀྱིས་རབ་གཟིགས་བྱང་ཆུབ་སྤྱོད་པའི་གླེགས་བམ་བསྣམས། །སྟོན་པའི་བསྟན་པ་རྒྱ་ཆེར་སྤེལ་མཛད་རྒྱལ་སྲས་ཞི་བ་ལྷ་གང་རྒྱལ།།མཁན་ཆེན་ཞི་བ་འཚོ།
སྐུ་ཡི་གཟི་དཔལ་ནམ་མཁའི་ངོས་ཡངས་དགེ་ལེགས་འབུམ་གྱིས་ཕྱུག་པ་ཡི། །གསུང་གི་བདུད་རྩི་ལྷང་ལྷང་རབ་འཇོ་ནག་ཕྱོགས་བདུད་ཀྱི་དཔུང་པ་སྒུལ། །ཐུགས་ཀྱི་དགོངས་པ་དབྱིངས་སུ་བཞུགས་པས་རྟག་པར་འཛིན་པའི་མཚན་མ་བྲལ། །སད་མི་མི་བདུན་འཁོར་སློབ་སྐྱོང་མཛད་མཁན་ཆེན་ཞི་བ་ལྷ་གང་རྒྱལ།།སློབ་དཔོན་ཀ་མ་ལ་ཤཱི་ལ།
གནམ་སའི་བར་དུ་གཟི་དཔལ་རབ་འབར་ཐུགས་ཀྱི་དགོངས་པ་སྣང་གསལ་བལྟམས། །བློ་དང་ཤེས་རབ་རྩལ་དུ་རྫོགས་པས་སྐལ་ལྡན་སྐྱེ་བོའི་མགོན་དུ་གྱུར། །ཡུལ་དབུས་དུ་མར་དམ་ཆོས་སྤེལ་ཅིང་ཧ་ཤང་ལྟ་བའི་རིང་ལུགས་ཟློག །གདུང་རབས་སོ་བརྒྱད་དཔོན་གྱིས་བཀུར་བའི་ཀ་མ་ལ་ཤཱི་ལ་གང་རྒྱལ།།འཕགས་པ་ཐོགས་མེད།
བྱིས་དུས་བློ་སྣ་གནས་ལྔར་བཅོལ་བས་སྐུ་ཡི་མཛད་པ་བརྗོད་མེད་ཡིན། །ཐེག་ཆེན་ཆོས་ཕུང་དྲང་ངེས་རྣམ་འབྱེད་བྱམས་པའི་ཐུགས་ཀྱི་ཉེ་བའི་སྲས། །གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་རང་ཤར་བྱམས་ཆོས་སྡེ་ལྔའི་སྐྱེད་ཚལ་བསྐྲུན། །སེམས་ཙམ་གྲུབ་མཐའི་སྒོ་འཕར་རབ་ཕྱེས་ས་གསུམ་འཕགས་པ་ཐོགས་མེད་རྒྱལ།།སློབ་དཔོན་དབྱིག་གཉེན།
ཐེག་དམན་སྡེ་བའི་ཚུལ་དུ་འཛིན་ཀྱང་ཆོས་མངོན་རྒྱ་མཚོའི་གཞུང་བཟང་བཀྲལ། །འབུམ་སྡེ་གོ་དགུ་ཐུགས་ལ་འཁྲུངས་པས་ཟབ་ཡངས་ཆོས་ཀྱི་སྦྲང་ཆར་འབྱིན། །གཞི་གཉིས་གནས་ཀྱི་ངོ་བོ་ལས་སད་ཕྲ་རྒྱས་ཡུལ་གྱི་སྣང་བ་ཡལ། །སྟོན་པ་གཉིས་པ་ཞེས་སུ་གྲགས་པའི་སློབ་དཔོན་དབྱིག་གཉེན་ཕྱག་འཚལ་ཀྱེ།།སློབ་དཔོན་ཕྱོགས་ཀྱི་གླང་པོ།
སྐུ་གསུམ་ལྷུན་ཆགས་རང་གཟུགས་མངོན་པ་རབ་མཛེས་ལྷད་མེད་དཔལ་ཀུན་རྫོགས། །བློ་གྲོས་སྐྱེས་སྟོབས་གོམས་པའི་མཐུ་ལས་ཚད་མའི་ཆོས་ཕུང་བརྒྱ་རྩ་འབྱེད། །ཆགས་སྲེད་སྣང་བ་སྒྱུ་མའི་ཟློས་གར་ཏིང་འཛིན་རླུང་བུས་དུམ་བུར་གཅོག །མཁས་རློམ་དུ་མའི་ལྟ་ངན་འཇིགས་མཛད་ཚད་མའི་ཁྱུ་མཆོག་ཕྱོགས་གླང་རྒྱལ།།དཔལ་ཆོས་ཀྱི་གྲགས་པ།
རིགས་དྲུག་འགྲོ་བའི་དོན་པོ་ཆེ་གཟིགས་རྣམ་གྲོལ་ཐར་བའི་ལམ་ལ་བསྟེན། །ཚུལ་གསུམ་རིགས་པའི་གཏན་ཚིགས་བཀོད་པས་མུ་སྟེགས་ལྟ་གྲུབ་ངང་གིས་གཞལ། །སྡེ་སྣོད་ཡོངས་ཀྱི་ཟབ་གནད་ཆེས་མཐོ་སྡེ་བདུན་ཚུལ་དུ་ལེགས་པར་བཀྲོལ། །ནུས་མཐུ་རྩལ་གྱི་ཁོ་ལག་རབ་རྫོགས་དཔལ་ལྡན་ཆོས་ཀྱི་གྲགས་པ་རྒྱལ།།འཕགས་པ་རྣམ་གྲོལ་སྡེ།
ཕུན་ཚོགས་སྡེབ་བཞིན་དཔལ་ཡས་ཕན་བདེ་ངན་པའི་སྐྱོན་རྣམས་རྡུལ་ལྟར་དོར། །ལེགས་པའི་བློ་གྲོས་བསམ་མི་ཁྱབ་པས་ཕྱི་ནང་རིག་པའི་གནས་ལ་ཆུབ། །མཁས་གྲུབ་རྒྱུ་སྐར་དུ་མའི་དབུས་སུ་ཉི་ཟླའི་གཟི་འཕྲོག་ཁྱོན་ན་མཐོ། །ཤེར་ཕྱིན་རང་སྟོབས་རྩལ་དུ་མི་གཡོ་འཕགས་པ་རྣམ་གྲོལ་སྡེ་གང་རྒྱལ།།སློབ་དཔོན་སེངྒེ་བཟང་པོ།
བྱམས་པའི་དགོངས་པ་སྦས་དོན་མངོན་རྟོགས་ཚུལ་གནས་ཐོས་པས་གཞིག་པའི་ལྷན། །སྐྱེ་དང་འཆི་བའི་གནས་མལ་དག་པ་ཡེ་ཤེས་རང་གསལ་ལྷུན་ཆགས་རྫོགས། །ཐེག་གསུམ་ལམ་གྱི་རྣམ་པར་རོལ་བ་མཁས་གྲུབ་སྟོང་གི་ཡང་རྩེར་སོན། །རྣམ་དཔྱོད་འཕྲུལ་གྱི་ཁྱད་པར་ལས་འཕགས་སློབ་དཔོན་སེངྒེ་བཟང་པོ་རྒྱལ།།སློབ་དཔོན་ཡོན་ཏན་འོད།
ཡེ་ནས་དག་བའི་མི་ཤིགས་བློ་ལས་ཟབ་རྒྱས་ཆོས་ཚུལ་ཁོང་དུ་ཆུབ། །སྟོན་པའི་སྡེ་སྣོད་ཆེ་འབྲིང་ཆུང་གསུམ་གཞི་ཀུན་ཡོད་སྨྲའི་ལུགས་བཟང་བཀྲལ། །ངེས་པ་དོན་གྱི་ཏིང་འཛིན་པ་དག་ཁྲིམས་སྡོམ་འདུལ་བའི་གླེགས་བམ་ཕུལ། །གྲངས་ལས་འདས་པའི་བུ་སློབ་སྐྱོང་མཁན་སློབ་དཔོན་ཡོན་ཏན་འོད་ཉིད་བཀུར།།སློབ་དཔོན་ཤཱཀྱ་འོད།
སྤྱོད་པའི་ཡོན་ཏན་སོ་ཐར་རིགས་བདུན་ནང་སེམས་བྱམས་པའི་སྙེ་མ་འབུས། །བཅོམ་ལྡན་ཐུབ་པའི་གསུང་གི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གསན། །འདུལ་མངོན་རྒྱ་མཚོའི་ཕ་མཐར་སོན་ཅིང་བརྒྱད་ཁྲི་བཞི་སྟོང་པོ་ཏི་བརྩེགས། །བཤད་སྒྲུབ་བ་དན་མངོན་པར་རབ་མཛེས་སྲིད་གསུམ་བཀྲོལ་མཛད་ཤཱཀྱ་འོད།།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
གནས་དང་གནས་མིན་ཐུན་མོང་རིག་པ་བློ་སྤོབས་ངར་མས་ཡོངས་སུ་དཔྱད། །ཕྱི་ཡི་རྒོལ་བ་ལྟ་ངན་དཔུང་དག་ཐུགས་བསྐྱེད་སྙིང་བརྩེའི་ངང་གིས་འདུལ། །གསང་གསུམ་ཡོན་ཏན་ཆེ་བ་དྲུག་ལྡན་ཆེ་མཆོག་སྟོན་པའི་འདུལ་ཁྲིམས་གཙང་། །བོད་ཁམས་སྐྱོང་བའི་སྒྲོན་མེ་རྐང་གཅིག་བཀའ་དྲིན་མཚུངས་མེད་ཇོ་བོ་རྗེ།།སྤྱི་ཟླ་ ༠༩ ཚེས་ ༡༢ ཉིན་མཇུག་གྲུབ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།