རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 16 September 2021

དབྱར་གནས་མཐའ་གྲུབ་པའི་བཀྲ་ཤིས་སྨོན་ཚིག

སློབ་སྤྲུལ་ཚེ་རིང་དབང་འདུས།

བལ་ཡུལ་ཡང་ལེ་ཤོད་ཀཿཐོག་ཨ་འཛོམ་དགོན་པའི་གཙུག་ལག་ཁང་གི་ནང་རྟེན་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོང་གྲོལ་ཆེན་མོ།

ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག

ཟས་གཙང་སྲས་སུ་གཟིགས་པ་རྣམ་ལྔས་ཐོགས་མེད་གཟིགས་ཤིང་དགའ་ལྡན་དམ་པ་ཏོག་དཀར་དུ།།
མར་མེ་མཛད་ཀྱིས་ལུང་གི་གནང་བས་སྟོང་གསུམ་མི་མཇེད་སྙིགས་ལྔའི་རང་མདངས་འཕྱུར་བའི་དུས།།
མཚན་དཔེའི་གཟི་བྱིན་ཟླ་བ་དཀར་པོའི་གཟུགས་སྐུའི་བཀོད་པ་གླིང་འདིར་བལྟམས་ཤིང་འཕགས་པའི་ཡུལ།།
གདན་ཐོག་གཅིག་ཏུ་ས་བཅུ་ལམ་ལྔའི་གནས་ལུགས་མངོན་གྱུར་རྣམ་འདྲེན་རྒྱལ་བའི་སྐུ་ལ་འདུད།།

གདོད་ནས་མ་སྐྱེས་ཆོས་སྐུའི་རོལ་པ་གཏིང་ཟབ་འདི་ནི་ཕ་མཐའ་ཡས་པའི་རྒྱ་མཚོ་བཞིན།།
འདི་དང་དེ་ཞེས་བློ་ཡིས་འཇལ་དཀའ་བདེན་གཉིས་ཟུང་འཇུག་ཨ་སྔོན་དབྱིངས་ཀྱི་ནམ་མཁའ་ལྟར།།
སྨྲ་བསམ་བརྗོད་བྲལ་སེམས་ཉིད་འོད་གསལ་མ་འདྲེས་ཇི་བཞིན་འཁོར་ལོ་གསུམ་གྱི་འགྲོ་ལ་སྟོན།།
དུག་ལྔའི་མེ་སྟག་རྨང་ནས་འཇིལ་མཛད་གང་གི་གསུང་བཟང་ཡན་ལག་དྲུག་ཅུ་དེ་ལ་འདུད།།

རིགས་ཅན་གསུམ་དང་གྲངས་མེད་འགྲོ་བའི་སྡུག་བསྔལ་མཁྱེན་པའི་ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས།།
སྡུག་བསྔལ་རྒྱུ་དང་དེ་འགོག་ལམ་གྱི་བདེན་པ་རྣམ་བཞི་བསླུ་མེད་སེང་གེའི་ང་རོའི་སྒྲ།།
མི་འཇིགས་སྤོབས་པའི་གཏེར་ཆེན་རྒྱས་ཤིང་མཁྱེན་བརྩེ་ནུས་མཐུའི་སྐལ་ལྡན་ཐར་པའི་བཙན་ས་རུ།།
འགོད་པའི་ལམ་མཆོག་ཚང་ལ་མ་ནོར་བསྟན་ཞིང་མི་ཡི་མཆོག་གྱུར་ཐུབ་དབང་ཐུགས་ལ་འདུད།།

འཇིག་རྟེན་དྲེགས་པའི་ལྷ་འདྲེ་ཆེ་བཙན་ཚོགས།།
རང་ཉིད་འཆིང་བའི་ཞགས་པས་བཅིངས་ན་ཡང་།།
ད་དུང་འགྲོ་བའི་སྡུག་བསྔལ་འཇོམས་མཛད་པའི།།
ནུས་མཐུ་དབེན་ཞིང་སྐྱབས་གནས་དཀོན་མཆོག་བསྟོད།།

སྲིད་པའི་འདོད་ཡོན་ལན་ཚྭའི་རོ་འདྲ་དེ།།
ཡང་ཡང་ཆགས་ཤིང་འཁོར་བའི་འདམ་རྫབ་ལས།།
བསླུ་མེད་ཞི་བའི་གོ་འཕང་འདྲེན་མཛད་པའི།།
གང་གི་གསུང་བཟང་དམ་པའི་ཆོས་ལ་བསྟོད།།

བདག་ལྟའི་སྲེད་པས་སྔར་ཡང་བཙོན་རར་འཁྱམས།།
ང་མེད་ཆོས་ལ་བདག་ཏུ་ཞེན་ཞེན་ནས།།
རེ་དོགས་རྙི་ལས་ཐར་པའི་སྐབས་མེད་པ།།
གང་གིས་མཁྱེན་ཤིང་སྐྱབས་གནས་ཐུགས་ལ་བསྟོད།།

སྲིད་པའི་རྩ་བ་དུག་ལྔའི་མདའ་མོ་དེ།།
སྙིང་ལ་འབིགས་ན་ལན་བརྒྱར་ངན་སོང་ལྟུང་།།
གཉེན་པོ་བདག་མེད་ལྷ་ཡི་རྔ་བོ་ཆེ།།
བསྟན་པ་དེ་ཡང་ཨེ་མ་རྨད་དུ་བྱུང་།།

ཐུབ་པ་མཆོག་དང་དབྱེར་མེད་འདུལ་བའི་བསྟན།།
རང་བྱུང་སྒོ་ནས་བསྙེན་པར་རྫོགས་པས་ན།།
མངོན་མཐོའི་ལམ་སྣེ་ཟིན་ཞིང་རང་རྒྱུད་ཀྱི།།
ལུས་ངག་འཆལ་སྤྱོད་ལས་འདས་སོ་ཐར་འཕགས།།

ཤཱ་རི་བུ་སོགས་ཚུར་ཤོག་ཁས་བླངས་སོགས།།
སྔོན་ཆོག་ད་ཆོག་བསྟེན་ནས་གཞི་གསུམ་གྱི།།
ཕྱག་བཞེས་གསར་དུ་བསྐྲུན་པའི་མི་བོ་ཆེ།།
འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་དྲན།།

སིན་དྷུ་རྒྱ་མཚོ་རོལ་བའི་མཚོ་གླིང་ནས།།
མཚན་དཔེའི་འདབ་སྟོང་བཞད་པའི་འཕྲིན་ལས་ཀྱི།།
ནུས་མཐུ་དབང་བསྒྱུར་ཨོ་རྒྱན་སངས་རྒྱས་གཉིས།།
སྡོམ་ཅན་ཚུལ་བཟུང་ཤཱཀྱ་སེང་གེར་བསྔགས།།

བསྟན་པའི་གཞི་མ་དམ་ཆོས་རིན་པོ་ཆེ།།
ཉམས་ཀྱི་དོགས་ནས་གདོང་དམར་བོད་ཀྱི་ཡུལ།།
ཐུགས་བརྩེ་ཆེན་པོས་འདྲེན་པའི་དེད་དཔོན་ཆེ།།
བྷོ་དྷི་ས་ཏྭའི་རྣམ་ཐར་སྙིང་ལ་དྲན།།

རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་དཀར་པོ་ཡིས།།
རྒྱལ་བསྟན་ཉིན་བྱེད་སྤེལ་ལ་ཟླ་བྲལ་བ།།
འཇམ་དབྱངས་གར་གྱི་རྣམ་པར་རོལ་པ་ཡི།།
ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསྟོད།།

ཉེས་འཆལ་སྐྱོན་གྱི་དྲི་མ་ཡོངས་སྤངས་ཤིང་།།
ཚུལ་ཁྲིམས་ཕུང་པོའི་ཡོན་ཏན་ཟླ་ལྟར་རྒྱས།།
ཀུན་མཁྱེན་ཀློང་ཆེན་འཇམ་དབྱངས་ཙོང་ཁ་པ།།
རིས་མེད་འདུལ་འཛིན་བྱེ་བ་གཙུག་གི་རྒྱན།།

གངས་རིའི་ཕྲེང་བས་བསྐོར་པའི་མུ་ཁྱུད་དུ།།
ལོག་སྨྲའི་ལྟ་ངན་དམ་ཆོས་རྨང་ནས་བཤིག།
ཕྱི་དར་བསྟན་པའི་སྒྲོན་མེ་སྨར་གཡོ་སོགས།།
སླར་ཡང་དབུས་གཙང་ཕྱོགས་ནས་རྒྱ་ཆེར་སྤེལ།།

སྙིགས་ལྔའི་ཀོ་ལོང་དྲག་ཏུ་འབར་བའི་དུས།།
རིས་མེད་རྒྱལ་བསྟན་སྤེལ་བའི་སྐྱེས་ཆེན་རྣམས།།
འཕགས་ཡུལ་ཆིབས་ཞལ་བསྒྱུར་ཞིང་ན་ལེནྡྲ།།
གཉིས་པ་ངོ་བོ་དབྱེར་མེད་འདུལ་འཛིན་བསྐྲུན།།

གནས་མཆོག་ཁྱད་འཕགས་ཀུན་མཁྱེན་ཆེན་པོ་ཡིས།།
ཐུགས་ཀྱི་བྱིན་རླབས་འཕོས་པའི་འབུམ་ཐང་ཚལ།།
བཤད་སྒྲུབ་ཆོས་ཀྱི་སྣང་བ་འབྱེད་པའི་གྲོང་།།
ཉམས་དགའི་ལྗོངས་སུ་འདུལ་བ་གཞི་གསུམ་གྱི།།

ཉམས་ལེན་གནད་ལ་འབུང་བའི་འདུས་པའི་སྡེ།།
དགེ་སློང་བཅུ་ཕྲག་ལྔ་དང་དགེ་ཚུལ་ནི།།
བཅུ་ཕྲག་གསུམ་གྱི་ཚུལ་ཤིང་ཇི་བཞིན་དུ།།
བཞེས་ཏེ་དབྱར་གྱི་དཔལ་ལ་རྣམ་པར་རོལ།།

འཆད་པ་ངག་ལ་དབང་བསྒྱུར་རྒྱལ་བའི་གཞུང་།།
རྩོད་པ་མི་འཇིགས་ཕས་རྒོལ་ཚར་དུ་བཅད།།
རྩོམ་པས་འགྲོ་བའི་རྨོངས་པ་མུན་སྟུག་བཅིལ།།
མཁས་པའི་ཡོན་ཏན་རྣམ་གསུམ་གཟེངས་སུ་མཐོ།།

ཨེ་མ་དགེ་སྦྱོང་ཆོས་བཞི་ཆོས་སྤྱོད་བཅུ།།
ཉིན་མཚན་དབྱེར་མེད་བདག་སོགས་དགེ་ལ་བརྩོན།།
ནུས་མཐུ་ཅི་མཆིས་རྒྱལ་བ་དགྱེས་པ་ཡི།།
རྨད་བྱུང་མཆོད་པའི་སྤྲིན་དུ་གྱུར་ཅིག་གུ།

སྣང་བ་རྟེན་འབྲེལ་སྟོང་བ་དོན་དམ་དང་།།
ཟབ་རྒྱས་ཟུང་འཇུག་ཆོས་ཀྱི་བདུད་རྩི་ཡིས།།
རང་རྒྱུད་བདག་འཛིན་འགོང་པོ་ཚར་བཅད་དེ།།
བདག་མེད་ཞི་བའི་གྲོང་དུ་སྐྱེ་བར་ཤོག།།

དེ་ལྟར་བདག་བློ་དྭངས་པས་ཀུན་ནས་བླངས་ཤིང་དམ་ཆོས་འདུལ་བའི་ཕྱག་བཞེས་རྒྱུན་བཟང་མ་ཉམས་མེད་པ་འདི།།
མི་ཤེས་བཞིན་དུ་འདེགས་པར་དཀའ་བའི་ཁུར་ཆེན་འདི་ཉིད་ཕྲག་ཏུ་བཏེགས་ནས་རྣམ་དཀར་དགེ་ལ་གཞོལ་བའི་མཐུས།།
མཐའ་ཡས་སེམས་ཅན་མུ་མེད་འཁོར་བའི་སྡུག་བསྔལ་གསུམ་ལས་མྱུར་དུ་གྲོལ་ཞིང་གཏན་གྱི་བདེ་བའི་ཞིང་མཆོག་ཏུ།།
བདག་སོགས་བུ་སློབ་མ་བུ་བཞིན་དུ་འབྲལ་བ་མེད་པར་ཚོམ་བུ་གཅིག་ཏུ་འཚང་རྒྱའི་སྨོན་ལམ་སྙིང་ནས་འདེབས།།

     དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་མཐའ་གྲུབ་ལ་ཉེ་བའི་ཚེ། ཚུལ་ཤིང་གི་བཀྲ་ཤིས་སྨོན་ཚིག་གི་དོད་དུ་མཆེད་གྲོགས་ཞིག་གི་རེ་བསྐུལ་ལྟར། སྤྲུལ་མིང་འཛིན་པ་ཚེ་རིང་དབང་འདུས་སུ་འབོད་པ་དེས། ཨོ་རྒྱན་མ་ཧཱ་གུ་རུས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན། བལ་ཡུལ་ཡང་ལེ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི། བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་གི་དགེ་རྒན་ལས་ཤག་ཏུ་བྲིས་ཤིང་། དགེ་བའི་ཚོགས་ཅི་མཆིས་པ་དེ་དག་མ་རྒན་སེམས་ཅན་ཐམས་ཅད་ལ་བསྔོ་ཞིང་། བྱང་ཆུབ་དམ་པ་མྱུར་དུ་འཐོབ་པའི་རྒྱུར་གྱུར་ཅིག།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།