རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 20 October 2021

བཀའ་ཐང་སྡེ་ལྔའི་ཡ་རྒྱལ་ལོ་པཎ་བཀའ་ཐང་ལས། རྒྱལ་བའི་གསུང་རབ་བཀའ་བསྟན་ཇི་ལྟར་ཀློག་པའི་ཚུལ་བསྟན་པ།

ཐོག་མར་དགེ་བའི་རང་བཞིན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་ལེགས་པར་བླངས་པའི་མཐར། སྙིང་རྗེ་དང་སྤྲོ་བ་རྒྱ་ཆེན་པོས་ཀློག་དགོས་ཚུལ་གསུངས་པ། དེ་ནས་འཇུག་པའི་སྡོམ་པ་བཅུ་བླངས་ནས༔ མཁས་པས་ཙོག་པུར་རས་ཀྱི་སྟེང་དུ་ནི༔ ཐལ་སྦྱར་གུས་པས་གླེགས་བམ་བཞག་ནས་སུ༔ སྙིང་རྗེ་དང་ནི་སྤྲོ་བ་རྒྱ་ཆེན་བསྐྱེད༔ སུས་ཐོས་གྲོལ་བར་བྱ་ཕྱིར་བཀླག་པར་བྱ༔

     བར་དུ་དགེ་བའི་རང་བཞིན་གསུང་རབ་ཇི་ལྟར་ཀློག་པའི་ཚུལ་གསུངས་པ། ཁྲུས་བྱས་གོས་གཙང་གྱོན་ཏེ་དཀར་གསུམ་ཟོས༔ མྱོས་པའི་བཏུང་བ་སྒོག་བཙོང་ཟས་ལྔ་སྤང་༔ གཡེང་དང་གཏམ་གྱི་བར་ཆོད་སྤངས་ནས་བསྒྲིམ༔ སྐད་གསེངས་མཐོན་པོར་བཞག་སྟེ་དབུགས་ལྷོད་བཀླག༔ ཤབ་ཤུབ་དང་ནི་སྐད་ཆེན་རྣམ་པར་སྤང་༔ མྱུར་ཞིང་མི་གསལ་ཀུན་ཏུ་བུལ་བ་དང་༔ གཉིད་དང་འཇོག་དལ་རྟབ་རྔམ་བསྡུས་པོ་དག༔ སྤངས་ཏེ་འཇམ་ཞིང་ཟུར་ཕྱིན་བཀླག་པར་བྱ༔ ཐོག་མར་རྟབ་སྟེ་ཧ་ཅང་སྒྲ་ཆེན་མིན༔ བར་དུ་གནོད་མེད་ནུས་པ་དང་སྦྱར་ནས༔ དབྱངས་ནི་སྡེ་དང་ཁམས་སུ་བཅས་པ་སྟེ༔ མཐའ་མར་རྣལ་ཞིང་གསལ་བར་བཀླག་པར་བྱ༔ བ་དན་ཟུར་སྣ་མཐའ་མར་ཞི་བ་དང་༔ མཚམས་ལ་གླེང་གླེང་མཐའ་མ་ཞི་བཞིན་དུ༔ ཇི་སྲིད་མི་སྐྱོའི་བར་དུ་བཀླགས་ནས་ནི༔ ཐལ་མོ་སྦྱར་ཏེ་གྲིལ་ཞིང་གུས་པས་བཞག༔

     མཐའ་མར་དགེ་བའི་རང་བཞིན་ལ། བསྔོ་བ་སྨོན་ལམ་གྱི་སྒོ་ནས་མཇུག་སྐྱོང་དགོས་ཚུལ་དང་འབྲེལ་སྤང་བླང་གི་བྱ་བ་འགའ་གསུངས་པ། དེ་ནས་སྨོན་ལམ་དགེ་བར་བསྔོ་བྱས་ཏེ༔ རྡུལ་མེད་ལངས་ནས་དགོས་པའི་གཏམ་བྱ་ཞིང་༔ མི་དགོས་སྣ་ཚོགས་གཏམ་གྱི་གཡེང་བ་སྤང་༔ བདག་གཞན་ཉོན་མོངས་བསྐྱེད་པར་མི་བྱའོ༔

     བཀླགས་ཟིན་པའི་མཐར་ཇི་ལྟར་བྱ་བའི་ཚུལ་གསུངས་པ། གླེགས་བམ་དེ་ནི་དུས་གསུམ་རྒྱལ་བ་ཡིས༔ མི་ཡིས་ཐོག་མར་མཆོད་བྱར་གསུངས་པ་སྟེ༔ བཀླགས་ནས་སྔར་བཞིན་གུས་བྱ་ཞིང་༔ ཡང་ཡང་གླེགས་བམ་བཀླག་པར་བྱ༔

     བཀླགས་པའི་ཕན་ཡོན་གསུངས་པ། ད་ལྟ་སྦྱོར་བ་ཚོགས་པ་ཡིས༔ གང་ཞིག་གླེགས་བམ་ཀློག་བྱས་ན༔ དེ་ལ་ཞལ་ནས་གསུངས་པ་ཡི༔ དགོས་པ་འགྲུབ་པར་ཐེ་ཚོམ་མེད༔ གླེགས་བམ་ཀློག་པའི་བྱ་བ་ནི༔ མདོ་ཙམ་རིགས་བརྒྱུད་འབྲེལ་བ་ཡིན༔ ལོ་པཎ་ཀུན་གྱི་མཛད་པ་ནི༔ ཡོངས་རྫོགས་ཆོས་རྣམས་བཀླག་པར་བྱ༔ གསུང་གི་དབང་ཕྱུག་ཐོབ་པར་འགྱུར༔

     ཀློག་པ་པོ་མཆོད་གནས་ཀྱི་རྣམ་གཞག་གསུངས་པ། ངོ་བོ་མཆོད་གནས་ཞེས་བྱའོ༔ ངེས་ཚིག་ཀློག་མཁན་ཞེས་བྱའོ༔ དབྱེ་ན་ལུས་ངག་ཡིད་གསུམ་པོ༔ སྐྱོན་དང་ལྡན་ན་མཆོད་གནས་མིན༔

     ཀློག་པ་པོའི་ལུས་ཀྱི་ཉེས་པ་གསུངས་པ། སྒྲ་མེད་སྙན་པ་སླུ་བར་བྱེད་པ་དང་༔ མི་གསལ་མ་དག་ཀློག་མཁན་མ་ཡིན་ནོ༔ ཁྲི་སྟན་དམའ་ཞིང་མི་གཙང་བ་དག་དང་༔ ཁྲུས་དང་གཙང་སྦྲ་བྲེལ་ཞིང་ལེ་ལོར་གནས༔ མཚན་བར་རེག་ཅིང་གླེགས་བམ་དག་ལ་འཛིན༔ དེ་དག་ཕྱུགས་མ་འདྲ་བའི་སྤྱོད་ལམ་གནས༔ རྒྱལ་བའི་འབྱུང་གནས་གླེགས་བམ་རིན་ཅེན་ལ༔ མ་གུས་སྟོངས་ཀྱིས་འཕྲོག་པ་ལྟར་བྱས་ནས༔ རྡེབ་ཅིང་ལྷུང་བ་ལྟ་བུར་བཞག་ནས་ནི༔ ཕོ་དུང་ལྕག་གིས་བྲབས་པ་ལྟ་བུ་དང་༔ ཞལ་ཕྱེ་བལྡད་པ་ལྟ་བུས་ཀློག་བྱས་ཏེ༔ དྲི་ངན་མཆིལ་མའི་ཟིལ་པ་དང་ལྡན་པའི༔ ཁ་ཡི་དབུགས་ཀྱིས་རྡུལ་གཡབ་བྱེད་པ་དང་༔ མི་གཙང་མཆིལ་མས་གོས་པའི་སོར་མོ་ཡིས༔ འཛིན་ཅིང་ཀློག་པས་རྩིག་པར་བྱེད་པ་དང་༔ ཀློག་པར་སྐྱོ་བས་པོ་ཏི་པང་པས་བཏེག༔ དེ་ནས་ཚོད་ཙམ་ཞིག་ཀྱང་དཔགས་ཏེ་འཇོག༔ བལྟས་ཤིང་དཔགས་པས་ཐོན་ལ་མི་ཕན་ནོ༔ དེ་ནི་དམ་ཆོས་སྤངས་པའི་ཉེས་པར་གསུངས༔ ཐ་མ་ཁྱེའུ་ལྟེབ་ལྟར་ཕུལ་བ་སྟེ༔ ལུས་ཀྱི་སྟོབས་རྔམ་བྱེད་ཕྱིར་མ་གུས་པ༔ འདི་དག་ལུས་ཀྱི་ཉེས་པར་བརྗོད་པ་ཡིན༔ དེས་ནི་དམ་ཆོས་སྤངས་པའི་ཉེས་པ་འབྱུང༔

     ངག་གི་ཉེས་པ་གསུངས་པ། བདག་ནི་ཀློག་པར་བྱེད་ཅེས་སྒྲོག་པའི་ཕྱིར༔ ཐོག་མར་འོ་དོད་སྐད་ཀྱིས་བཀླགས་བྱས་ཏེ༔ དེ་ནི་དམ་ཆོས་སྤངས་པའི་ཉེས་པར་གསུངས༔ དེ་ནས་མྱུར་ཞིང་མི་གསལ་ཤབ་ཤབ་དང་༔ སྒྲ་མེད་མགོ་ལུས་མཆུ་དག་བསྐྱོད་པ་སྟེ༔ དེས་ནི་གླེགས་བམ་བཀླགས་པ་མ་ཡིན་ནོ༔ ཀློག་སྐད་ཤུབ་ནས་གཞན་གྱི་སྒྲ་ལ་ཉན༔ གཏམ་ལན་འདོན་པའི་ཀློག་མཁན་གསལ་པོའམ༔ ཀློག་རྣམས་མཁས་ན་དོན་གྱི་ཆོད་ཀྱང་ཆེ༔ འོན་ཀྱང་རང་གི་དགོས་པ་ཤོར་བར་སྣང་༔ ཤ་ཆང་སྒོག་པ་ཆོས་འགལ་ཟས་ལ་སྲེད༔ བརྟུལ་ཞུགས་ཆུང་བས་བགེགས་ཀྱིས་ཚུགས་པར་སླ༔ འདི་དག་ངག་གི་ཉེས་པར་བརྗོད་པའོ༔

     ཡིད་ཀྱི་ཉེས་པ་གསུངས་པ། སྲེད་པ་རེ་དོགས་རྟག་ཏུ་དྲན་པ་དང་༔ བུད་མེད་ལ་སོགས་ཡིད་གཏོད་ཡིད་ཀྱི་སྐྱོན༔

     ཉེས་པ་དེ་དག་སྤོང་དགོས་པར་གསུངས་པ། དེ་བས་ཉེས་པ་འདི་དག་སྤངས་ནས་ནི༔ མི་དང་མི་མིན་ཉན་པོ་ཚོགས་ཀྱི་རྣར༔ གསལ་བར་བཀླགས་ན་རྣམ་གྲོལ་ཐོབ་འགྱུར་བས༔ སྐད་གསངས་མཐོན་པོས་ཟུར་ཕྱིན་བཀླག་པར་བྱ༔ རྫུན་དུ་སྨྲས་པའི་ངག་གི་ཉེས་པ་ནི༔ རྒྱ་ཆེར་གྱུར་པའི་ལྕེ་ནི་བརྒྱངས་བྱས་ཏེ༔ མཐོང་ཤོལ་འབར་བ་དུ་མས་རྨོས་པ་ཡི༔ སྡུག་བསྔལ་བཟོད་དཀའ་ཡུན་རིང་གནས་པར་གསུངས༔ ཚུལ་ཁྲིམས་ལ་སོགས་བདག་ལ་ཡོད་མིན་ཀྱང་༔ ཚུལ་ཁྲིམས་ཚོགས་དང་ལྡན་པའི་ཆོས་པ་གང་༔ དེ་ནི་ཀུན་ཏུ་སླུ་བར་བྱེད་པ་སྟེ༔ བྱིས་པའི་ལོངས་སྤྱོད་དག་ཀྱང་འབར་བར་འགྱུར༔ གང་ལ་དམ་ཚིག་སྡོམ་པ་རིམ་མི་ལྡན༔ དེ་ལ་འཕགས་པ་མཉེས་པར་དཀའ་བས་ཏེ༔ བདག་དང་གཞན་གྱི་དོན་རྣམས་མ་འགྲུབ་པས༔ དམ་ཚིག་སྡོམ་པ་དག་ལ་གནས་པར་བྱ༔

     ཚིག་ཆད་ལྷག་གི་ཉེས་པ་དག་པའི་ཐབས་སུ་མཐའ་མར་ཨཱ་ལི་ཀཱ་ལི་བརྗོད་པ་དང་བཤགས་སྡོམ་བྱ་བར་གསུངས་པ། ཀློག་མཁན་ངན་པའི་སྐྱོན་གྱི་རྣམ་གྲངས་རྣམས༔ སྤངས་ཏེ་ཞར་ལ་གདམས་པ་དང་བཅས་ཏེ༔ ཨཱ་ལི་དབྱངས་དང་གསལ་བྱེད་བརྗོདཔར་བྱ༔ ཆོས་རྣམས་རྩ་བ་མྱུར་བ་ཚུལ་ཁྲིམས་སོ༔ བསླབ་པ་གསུམ་བཤགས་སྡོམ་ནན་བྱ་བ་གཅེས༔

     ལོ་པཎ་བཀའ་ཡི་ཐང་ཡིག་ནང་བཞུགས་པའི་རྒྱལ་བའི་གསུང་རབ་བཀའ་བསྟན་ཇི་ལྟར་ཀློག་པའི་ཚུལ་བསྟན་པ་འདི་ཉིད། ཉེ་བའི་ཆར་དོལ་པོ་སློབ་དཔོན་འཆི་མེད་ནོར་བུ་ལགས་ནས་ངོ་དེབ་བརྒྱུད་གསུང་རབ་ཚུལ་བཞིན་ཀློག་དགོས་ཚུལ་གྱི་དགོངས་འཆར་ལྷུག་བྲིས་དང་འབྲེལ་འོས་སྦྱོར་གནང་འདུག་པ་ལ། ཕྲན་དོལ་བུ་ཧྲལ་པོས་དགོས་པ་ཆེར་མཐོང་གིས་མ་དཔེ་རྩད་འཚོལ་དང་འབྲེལ། གཞུང་ཚིག་ཆད་ལྷག་ཤོར་བ་འགའ་ཞིག་མ་དཔེ་ནས་ཁ་སྐོང་བྱས་པ་དང་། དེ་བཞིན་ཀློག་པ་པོ་རྣམས་ཀྱིས་གོ་བདེ་བཀླག་བདེའི་ཆེད་དུ་ས་བཅད་རིམ་བསྒྲིགས་བགྱིས་ཏེ་སྤེལ་བ་འདིས་ཀྱང་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག 

________________
*མ་ཁུངས།: འབྲུག་ཐིམ་སྤུ་དངོས་གྲུབ་ ༡༩༧༦ པར་མ། དཔེ་རིང་ཅན། ཤོག་གྲངས། ༧༠༥–༧༡༠ བར། 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།