རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 23 October 2021

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེའི་སྙན་ངག་གསུམ་ཆེད་བསྒྲིགས།

⊰ ཉིན་རེར་རྒྱུན་དུ་མནར་བའི་ན་ཟུག ⊱

གང་གི་མཛད་བཟང་ལྷུན་པོའི་ཏོག་དཀར་པོ།།
དྲན་ཞིང་དྲན་ཞིང་མིག་ཟུང་གཤེར་ཁུས་བརླན།།
མཛད་འཕྲོ་མེད་ཀྱང་མཛད་འཕྲོ་སྐྱོང་མཁན་དེར།།
ཐུགས་རྗེ་མ་ཆུང་ཡིད་ཀྱི་པདྨོར་བཞུགས།།

ལེགས་བཤད་ཆུ་ཀླུང་འགྱེད་པའི་གངས་ཅན་མཚོ།།
མན་ངག་ནོར་བུའི་མཛོད་ཀྱི་སྒོ་འཕར་ཕྱེ།།
བཀའ་དང་གཉིས་སུ་མེད་པའི་གསུང་བཟང་དེས།།
ས་གསུམ་སྐྱེ་བུའི་དད་དབང་ཀུན་ཏུ་ཕྲོགས།།

གངས་ཅན་འདི་རུ་འཇམ་དབྱངས་རྣམ་གསུམ་ཞེས།།
མཚན་གྱི་སྙན་པས་སྲིད་པའི་ཁྱོན་ཁྱབ་རུང་།།
གསུང་གི་བདུད་རྩི་མཇལ་བའི་དཀའ་སྡུག་འདི།།
དམན་པ་བདག་གི་སྐལ་བར་ཐོབ་བམ་ཅི།།

རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་དེའི།།
བཀའ་འབུམ་ཆ་ཚང་བདག་ལ་སོན་ལགས་མོད།།
ལུང་མ་ཐོབ་པས་ཀློག་པའི་གོ་སྐབས་དབེན།།

གྲུབ་མཐའ་མཛོད་དང་ཡིད་བཞིན་མཛོད་གཉིས་ཀྱི།།
མདོ་ཕྱོགས་ཙམ་ཞིག་བཀླགས་ནའང་འགྲིག་བསམ་ནས།།
རེ་ཞིག་མཇལ་ཙམ་བྱས་པའི་ཁུལ་ཡིན་མོད།།
རྒྱ་ཆེ་རླིང་ཞིང་ཤིན་ཏུ་གོ་བར་དཀའ།།

དེ་ཡི་དགོངས་པ་དྲི་མེད་ཤེལ་ཕྲེང་དུ།།
དག་པར་བསྟར་མཛད་མི་ཕམ་ཆོས་རྗེ་དེའི།།
ལེགས་བཤད་མཚོ་རུ་འཁྱིལ་བའི་བཀའ་འབུམ་དེ།།
ཡར་བཙལ་མར་བཙལ་ད་རུང་མ་ཐོབ་པས།།

སེམས་ལ་བཟོད་དུ་མེད་པའི་ན་ཟུག་ཞིག།
གཞན་གྱི་ལག་ཏུ་དར་ཐང་པར་མའི་ཐོག།
རེ་ཞིག་འདུག་མོད་བདག་དབང་མེད་པས་ན།།
ཞིབ་མོར་ལྟ་བའི་གོ་སྐབས་དེ་རུ་བུད།།

ད་ནི་ལོ་ན་རྒུད་པའི་ཚུལ་མཐོང་ན།།
ཆུ་ཚོད་ཕྱེད་ཙམ་དཔེ་ཆར་བལྟས་པའི་རྗེས།།
རོ་སྟོད་སྤྱི་མགོ་རྒྱབ་ཚིགས་ཟུག་གིས་མནར།།
མིག་ཟུང་པདྨོའི་འདབ་མ་སྐམ་ཞིང་མཆིས།།

དྲ་རྒྱའི་ཁོངས་དེར་དཔེ་ཆ་ཡོད་ཚོད་འདུག།
འོན་ཀྱང་མིག་གི་ཚ་ཟུག་ཆེན་པོ་ཞིག།
སྐར་མ་བཅུ་ཡང་ཀློག་པའི་དུས་སྐབས་ཤོར།།

སྤྱིར་ན་འདི་ནི་སྒེར་གྱི་དཀའ་ངལ་ཞིག།
སུ་ལའང་བཤད་དུ་མེད་འདི་བདེན་མོད་ཀྱང་།།
སྐབས་རེ་བླ་མ་གཅིག་པའི་སྤུན་གྲོགས་ཚོར།།
སེམས་ཚོར་བརྗེ་ལེན་བྱེད་འདི་སེམས་ཀྱི་སྨན།།

མདོར་ན་བདག་ལ་སེམས་ཁྲལ་གཅིག་དེ་ནི།།
སྒྱུ་ལུས་བེམ་པོའི་ནུས་པ་མ་ཟད་གོང་།།
སྔ་འགྱུར་ཀུན་མཁྱེན་ཆེན་པོ་བཞིས་བཙོས་པའི།།
རྒྱ་བོད་མཁས་གྲུབ་དམ་པའི་གསུང་གི་མཛོད།།

ཡོད་དོ་ཅོག་ལ་མིག་རྗེས་འཇོག་ནུས་ན།།
ཚེ་འདིར་ཉམས་ལེན་ཟེར་བ་མ་བྱུང་རུང་།།
ཀུན་གཞི་རྣམ་ཤེས་བག་ཆགས་བཟང་པོས་བཀུས།།
ཐོས་པའི་མིག་གིས་ཕྱི་མ་མཐོང་ལ་རེ།།

སྤྱིར་ན་ལེ་ལོ་རྣམ་གཡེང་བདག་ལ་ཆེ།།
མཚམས་རེ་འདུན་པ་ཅུང་ཟད་ཆེ་བའི་སྐབས།།
འབད་པ་བྱས་རུང་དཔེ་ཆ་དེས་ཕོངས་དུས།།
སླར་ཡང་ལེ་ལོའི་འཛམ་གླིང་ཉུལ་ནས་འགྲོ།།

དེས་ན་ཉིན་རེའི་སེམས་ལ་གང་དྲན་ངག།
སུ་དང་སུ་ལའང་བཤད་ནས་ཤོར་དེ་ཐལ།།
བླུན་པོའི་ངུ་འབོད་ཇི་ཙམ་ཆེ་ན་ཡང་།།
དོན་གོ་ཆུང་བའི་གནས་ཚུལ་དེར་དགོངས་ནས།།
བཏང་སྙོམས་གནས་སུ་འཇོག་པའི་འོ་འདོད་ཀྱིས།།
བཟོད་གསོལ་གཏིང་ནས་ཞུ་བའི་སྐབས་ཤིག་ཞུ།།

༢༠༢༡/༠༩/༠༤ ཉིན་རྐྱེན་ཞིག་ལ་བརྟེན་ནས་བྲིས།


⊰ ལྗོངས་རྒྱུ། ⊱

སྡུག་བསྔལ་ཚ་གདུང་འཇོམ་པའི་སྨན་གཅིག་པུ།།
དད་ལྡན་སྙིང་ལ་དང་བའི་དཔལ་སྟེར་ཞིང་།།
མངོན་མཐོའི་རིན་ཆེན་གླིང་གི་འཇུག་ངོགས་ཉིད།།
དམ་ཆོས་འདུལ་བ་སྲིད་པ་གསུམ་དུ་རྒྱལ།།

འོན་ཀྱང་སྙིགས་དུས་སྐྱེ་བོ་བདག་འདྲ་ལ།།
གཞི་གསུམ་ཉམས་ལེན་ཚུལ་བཞིན་མི་ནུས་ཀྱང་།།
འདུལ་བའི་བསྟན་ལ་དད་འདུན་འདི་གཅིག་པུས།།
ཚེ་འདིར་ལོག་ལྟའི་རྒྱ་ལས་གྲོལ་གྱུར་ཅིག།

དེང་སང་འཁོར་བའི་ཕུན་ཚོགས་ཉམས་དགའ་དེས།།
ངེས་འབྱུང་སེམས་ཀྱི་གོ་སྐབས་དྲུང་ནས་ཕྱུང་།།
རང་མགོ་མི་ཐོན་ཉིན་མཚན་རྒྱུག་རྒྱུག་ནས།།
བྱང་ཆུབ་སེམས་དེ་ནུབ་རིའི་རྩེ་ནས་ཡལ།།

དེ་ལྟར་ལུས་པའི་སེམས་དམྱལ་བདག་འདྲ་ལ།།
ཐེག་གསུམ་ཐར་བའི་ལམ་གྱི་འཇུག་སྒོ་འཛོལ།།
ཟག་མེད་ཡོན་ཏན་ཀུན་གྱི་ཐོབ་སྐལ་ཤོར།།
རྣམ་གྲོལ་གཏན་བདེའི་ས་ལས་རིང་དུ་ལུས།།

ཕྱིར་ཡང་ལྐོག་དུ་གྱུར་བའི་ལམ་བུ་དེར།།
ཅི་ཞིག་འོང་དང་ཅི་ཞིག་མི་འོང་ཞེས།།
ནེམ་ནུར་དྲ་བ་བསླས་པའི་ཕུང་པོའི་གསེབ།།
ལག་ཟུང་གཉིས་ཀྱིས་ཁུང་བུ་འཚོལ་ཞིང་རྫོགས།།

༢༠༢༡/༡༠/༠༦ ཉིན་བྷཱོ་ཊ་རུ་བྲིས།


⊰ མངོན་པ་ལ་ཐུག་ཙམ་བྱས་པའི་རྗེས་ལ། ⊱

ཆོས་ཀུན་སྤྱི་མཚན་འཛིན་པས་མེད་མཐའ་སྤངས།།
རང་མཚན་རྡུལ་ཙམ་མེད་པས་ཡོད་མཐའ་བྲལ།།
ཐུན་མིན་མཐའ་བྲལ་ཁང་བཟང་ཡངས་པོ་ནས།།
མི་ཕམ་སྨྲ་བའི་སེང་གེ་ཁྱོད་གཅིག་རྒྱལ།།

དམ་ཆོས་མངོན་པའི་ཆུ་གཏེར་ཆེན་པོའི་ངོགས།།
གང་གི་བྱམས་པའི་ཕྱག་གིས་སྐྱོར་བཞིན་དུ།།
གོམ་འགྲོས་རེ་ཟུང་བོར་བའི་ཉམས་མྱོང་འདི།།
དོན་ཆེན་ཕན་པོ་ཆེ་འགའི་རྒྱུར་གྱུར་ཤོག།

ཤེས་བྱའི་ཆོས་ཀུན་གཞན་དང་མ་འདྲེས་པར།།
རང་རང་མཚན་ཉིད་འཛིན་པ་འདི་བཟུང་ནས།།
མིང་རྐྱང་བཏགས་པའི་ཆོས་སོ་ཅོག་ལ་ཡང་།།
རང་གི་མཚན་ཉིད་འཇོག་འདི་བྱེ་སྨྲའི་ལུགས།།

འདི་ཙམ་མ་ཟད་བཏགས་པ་ཙམ་དུ་ཡང་།།
གྲུབ་པ་མེད་པའི་མོ་ཤམ་བུ་འདྲ་བའི།།
ཆོས་འགའ་ནན་གྱིས་བཏགས་ནས་རང་རང་གི།
མཚན་ཉིད་འཇོག་འདི་དེ་ལས་མཚར་མཚར་ཞིག།

རང་གི་མཚན་ཉིད་ཟེར་བའི་ཚིག་འདི་ལ།།
སྲ་མཁྲེགས་རྡོ་རུ་བཟུང་བའི་གྲུབ་མཐའ་དེ།།
ཆོས་ཀྱི་རྣམ་གྲངས་ཡོད་དོ་ཅོག་ལ་ཡང་།།
མཚན་ཉིད་རེ་རེ་འཇོག་པའི་ངལ་འདི་ལྕི།།

ཆོས་ཀྱི་རྣམ་གྲངས་རྒྱ་སྟོང་ཕྱེ་ན་ཡང་།།
རང་སྤྱིའི་མཚན་ཉིད་འདི་ཡི་གནད་ཤེས་ན།།
ཐམས་ཅད་རྫས་སུ་གྲུབ་ལའང་འགལ་བ་ཅི།།
རང་དང་གཞན་གྱི་རྫས་སུ་གྲུབ་ལུགས་གཉིས།།

མདོར་ན་མངོན་པ་རྣམ་གྲངས་མང་མོད་ཀྱི།།
རེ་རེ་བློ་འཛིན་བྱེད་པའི་ངལ་བ་འདི།།
རེ་ཞིག་བོར་ནས་གནད་ཀྱི་བབ་ས་ཞིག།
འཚོལ་བར་ཕྱིན་ན་རྙེད་རྒྱུ་ཡོད་སྲིད་ངེས།།

དགེ་བ་འདིས་ཀྱང་དམ་ཆོས་མངོན་པའི་མཚོར།།
ཡང་དང་ཡང་དུ་རྐྱལ་དུ་འཇུག་པའི་བདེ།།
འབྲལ་མེད་སེམས་ཀྱི་མཐིལ་དུ་རྨང་རྡོ་རུ།།
བརྟན་པའི་ཁྱད་ཆོས་འཇིག་རྟེན་ཀུན་ཁྱབ་ཤོག།

༢༠༢༡/༡༠/༡༤

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།