རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 19 December 2021

གནས་ཆེན་རི་བོ་འབྲུག་སྒྲར་བསྟོད་པའི་རོལ་འབྱངས།

ཕྲིན་ལས་རྡོ་རྗེ། བལ་ཡུལ་དོལ་པོ།

གནས་ཆེན་རི་བོ་འབྲུག་སྒྲ། །རྒྱལ་བ་གོང་མའི་གདན་ས།།
དད་ལྡན་བསོད་ནམས་ཞིང་ས། །གནས་དེར་གུས་པས་འདུད་དོ།།

ལྷ་ལམ་མཁའ་ལས་འདས་པའི། །སྤྱི་གཙུག་མཐོ་སར་གནས་པའི།།
མཐོན་པོའི་གངས་རི་ཁྱེད་ལ། །སུས་ཀྱང་དོ་ཟླ་བྲལ་སོང་།།

ཡབ་སྲས་རི་བོ་རྣམ་ལྔ། །དད་མེད་རྣམས་ཀྱིས་བལྟས་ན།།
རི་རྐྱང་འབའ་ཞིག་མ་གཏོགས། །མཐོང་སྣང་གང་ཡང་མེད་མོད།།
མོས་གུས་ཅན་གྱིས་བལྟས་ན། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར།།
བླ་མེད་རྒྱུད་ཀྱི་གདན་ས། །ཕྱག་རྫོགས་ཀུན་གྱི་ཡང་རྙིང་།།
རྩ་བའི་བླ་མས་བཞག་པ། །དེ་འདྲ་ཁོ་བོས་བསམས་ཡོད།།

སྔགས་ཀྱི་ལུགས་ལ་བཤད་ན། །འཁོར་ལོ་སྡོམ་པའི་ཕོ་བྲང་།།
ལྷ་དང་ལྷ་མོའི་ཞིང་མཆོག །དཀྱིལ་འཁོར་ཀུན་གྱི་འབྱུང་གནས།།
བསྐྱེད་རྫོགས་དབྱེར་མེད་གྲུབ་ས། །གྲུབ་པའི་གྲུབ་རྟགས་མཐོན་ས།།
མཆོག་གི་དངོས་གྲུབ་བརྙེས་ས། །ཕྱག་ཆེན་མངོན་དུ་གྱུར་ས།།

མདོ་ཡི་ལུགས་ལ་བཤད་ན། །དད་ལྡན་བསྐོར་བ་འབུལ་གནས།།
མིག་ནས་མཆི་མ་ལྷུང་ས། །ལུས་ནས་བ་སྤུ་ལྡང་ས།།
དལ་འབྱོར་རྙེད་དཀའ་མཐོང་ས། །འཆི་བ་མི་རྟག་སྒོམ་གནས།།
ལས་ལ་ཡིད་ཆེས་འབྱུང་གནས། །འཁོར་བའི་ཉེས་དམིགས་མྱོང་ས།།

ཕལ་བའི་ལུགས་ལ་བཤད་ན། །རང་བྱུང་འཁོར་ཡུག་ངོམས་ས།།
བྱིའུ་ཆུང་གདངས་དབྱངས་སྒྲོག་ས། །གངས་རི་རྭ་བས་བསྐོར་ས།།
སྨན་སྣ་སྣ་ཚོགས་སྨིན་ས། །ཆུ་མོ་དལ་གྱིས་འབབས་ས།།
ཡ་མཚན་རང་འབྱུང་བལྟ་ས། །སྣང་བ་ཡུལ་དུ་འཁོར་ས།།
མདོར་ན་གནས་ཆེན་ཁྱེད་ཀྱི། །འགྲེལ་བཤད་དཀའ་བར་ཡིན་ནོ།།

དཔྱིད་དུས་མེ་ཏོག་སྣ་ཁས། །སེམས་པ་ཡོམ་ཡོམ་བཏང་བྱུང་།།
ཁྱེད་དང་བྲལ་འདོད་མེད་ཀྱང་། །ལས་ཀྱི་ནུས་པས་དབང་སོང་།།
དབྱར་དུས་སྤང་ཁ་སྐྱིད་བྱུང་། །སིངས་མའི་ཁ་ལ་སྐྱིད་བྱུང་།།
སིངས་མའི་ཁ་ལ་ཉལ་བའི། །གྲོང་པའི་བ་ལང་དྲན་བྱུང་།།
བ་ལང་བདག་གཉེར་བྱེད་མཁན། །ན་གཞོན་གྲོང་པ་དྲན་བྱུང་།།
གྲོང་པ་ཕོ་གཞོན་མོ་གཞོན། །མཉམ་འཛོམས་ཡོང་བར་ཤོག་ཅིག །

གྲོང་མོ་ཆུ་ཞིག་ལེན་གྱིན། །ཆུ་མོ་ཡན་ལག་བརྒྱད་ལྡན།།
ཆུ་དེ་བཏུང་བ་ཙམ་གྱིས། །དག་པའི་ཞིང་དུ་འདྲེན་ནུས།།
རི་དྭགས་རྩྭ་ཞིག་ཟན་འདུག །རྩྭ་ཤིང་ཀླུ་བདུད་རྡོ་རྗེ།།
རྩྭ་དེ་བཟས་པ་ཙམ་གྱིས། །འགྲོ་བ་གྲོལ་བར་བཤད་ཡོད།།

གྲོང་མོ་ཞོ་ཞིག་སྐྲོག་གིན། །ཞོ་དེ་དཀར་གྱི་ཕུད་རེད།།
དཀར་དེ་བཏུང་བ་ཙམ་གྱིས། །དམར་ལ་ཞེན་པ་ལོག་བྱུང་།།
གྲོང་པའི་ན་གཞོན་མཛེས་མ། །བ་ལང་འཇོ་བ་མཐོང་བྱུང་།།
མཛེས་མ་ལྷ་མོར་འགྱུར་བས། །མཛེས་མར་ཆགས་སེམས་བྲལ་སོང་།།

གྲོང་པའི་མོ་གཞོན་རྣམ་པ། །གཞན་ལ་སེམས་པ་དཀར་བྱུང་།།
དཀར་བའི་ལྷ་ཆོས་བྱེད་དུ། །སྐྱིད་པའི་དགོན་དུ་ལོག་འགྲོ །
གྲོང་པའི་མོ་གཞོན་རྣམས་ནི། །དོན་ལ་ལྷ་མོ་ཡིན་ཀྱང་།།
གཞན་པ་ཆོས་ལ་བསྐུལ་ཕྱིར། །འཇིག་རྟེན་ཆོས་ལ་སྤྱོད་ཀྱིག །

གྲོང་པའི་ཕོ་གཞོན་རྣམས་ནི། །དོན་ལ་བྱང་སེམས་ཡིན་ཀྱང་།།
སངས་རྒྱས་ས་ལ་འགོད་ཕྱིར། །གཡག་གི་རྗེས་ལ་རྒྱུག་གྱིག།
གཡག་པ་རྒན་གཞོན་རྣམས་ནི། །དད་ལྡན་ཆོས་ཞུ་རེད་འདུག
ཆོས་དེ་ཐེག་དམན་མིན་པར། །ཐེག་ཆེན་ཆོས་ལ་རོལ་གྱིག།།

རི་བོའི་འབྲུག་སྒྲའི་སྒང་ནི། །མཚོ་ཞིག་ཁྱིལ་སྟེ་འདུག་གོ །
མཚོ་དེ་འོ་མའི་མཚོ་རེད། །མཇལ་བའི་སྐབས་ཤིག་ཤར་ན།།
ལས་འཕྲོ་བསོད་ནམས་ཡོད་ན། །བསྐོར་བ་ལན་མ་བཅུ་གསུམ།།
འཐུད་དེ་འབུལ་བར་བསམས་ཡོད། །བསམས་ཏེ་དམ་པར་བཅས་ཡོད།།

སྟོན་དུས་སྤང་ཁ་གྱུར་སོང་། །སྤང་ཁའི་མེ་ཏོག་ཡལ་སོང་།།
སྤང་ཁའི་རྩྭ་ཤིང་སྤྱོད་མཁན། །དུད་འགྲོ་རྣམས་ཀྱང་ཡལ་སོང།།
ཡལ་བའི་རང་བཞིན་མཐོང་དུས། །མི་རྟག་སྒྱུ་མ་དྲན་བྱུང་།།
མི་རྟག་སྒྱུ་མ་བསྒོམས་ཏེ། །ཆོས་ཀྱི་མཐུན་རྐྱེན་ཆགས་སོང་།།

གྲོང་པའི་མོ་གཞོན་རྣམས་ཀྱང་། །སྐྱིད་པའི་ཚང་ལ་ལོག་སོང་།།
ད་ནི་ང་རང་ཁེར་རྐྱང་། །དབེན་པའི་རི་ལ་ལུས་སོང་།།
དབེན་པའི་རི་ཁྲོད་བསྒོམས་ཏེ། །བྲག་ཕུག་ཁང་པ་བྱས་ཡིན།།
རི་དྭགས་གྲོགས་སུ་བརྟེན་ཡིན། །རྣམ་གཡེང་ངང་གིས་ཡལ་སོང་།།

མཛེས་སྡུག་ཁོར་ཡུག་ཡལ་སོང་། །སྒྲ་སྙན་བྱེའུ་ཆུང་ཡལ་སོང་།།
ཆུ་མོ་ངང་གིས་ཆད་སོང་། །ཆུ་ལ་དར་གྱིས་གཡོགས་སོང་།།
གནས་ལུགས་ངང་གིས་མཐོང་ཚེ། །ཆོས་ལ་ངེས་ཤེས་སྐྱེས་བྱུང་།།
སྒྱུ་མའི་མན་ངག་གནང་མཁན། །ནཱ་རོ་པཎ་ཆེན་དྲན་བྱུང་།།

ཕྱག་ཆེན་གནས་ལུགས་སྟོན་མཁན། །མངའ་བདག་མེ་ཏྲི་དྲན་བྱུང་།།
ཀྱཻ་རྡོར་དབང་ལུང་གནང་མཁན། །ཡབ་ཆེན་མར་པ་དྲན་བྱུང་།།
དཀའ་བ་སྤྱོད་པའི་མེས་པོ། །གུང་ཐང་མི་ལ་དྲན་བྱུང་།།
ངུར་སྨྲིག་སྡེ་ཡི་མཛོད་འཛིན། །བསོད་ནམས་རིན་ཆེན་དྲན་བྱུང་།།
བོད་ཁམས་དབང་ལ་བསྒྱུར་བའི། །འབྲི་གུང་སྐྱོབ་པ་དྲན་བྱུང་།།
གནས་སྒོ་ཕྱེ་བར་གནང་མཁན། །སེངྒེ་ཡེ་ཤེས་དྲན་བྱུང་།།

དགུན་དུས་ཁ་བ་བབས་སོང་། །རི་བོ་ཁ་བས་གཡོགས་སོང་།།
རི་བོ་ཡབ་སྲས་རྣམས་ལ། །འོ་བརྒྱལ་མེད་ན་བསམས་བྱུང་།།
ཡལ་བའི་སྐམ་ཤིང་རྣམས་ཀྱང་། །ཁ་བས་མཐའ་ནས་གཡོགས་སོང་།།
ཆུ་མོ་ཡན་ལག་བརྒྱད་ལྡན། །དར་གྱི་ངོ་བོར་གྱུརད་སོང་།།

རྩ་ཤིང་ཀླུ་བདུད་རྡོ་རྗེ། །ས་ཡི་འོག་ལ་འཐིམས་སོང་།།
རི་དྭགས་བྱེའུ་རྣམས་ཀྱང་། །སྐྱིད་པའི་ཚང་ལ་ལོག་སོང་།།
བརྩེ་བའི་གྲོགས་མོ་དེ་ཡང་། །གཞན་གྱིས་བསླུས་ཏེ་ཤོར་སོང་།།
ད་ནི་ཁོ་བོ་ཁེར་རྐྱང་། །ཆོས་ལ་གཞོལ་བར་འདོད་དོ།།
མི་རྟག་བསྒོམ་པར་འདོད་དོ། །བླ་མ་དྲན་པར་འདོད་དོ།།
ཕ་མ་དྲན་པར་འདོད་དོ། །དྲིན་ལན་མཇལ་བར་འདོད་དོ།།
སངས་རྒྱས་ཐོབ་པར་འདོད་དོ། །དགོན་པ་ལོག་པར་འདོད་དོ།།

*མཆན།: གསལ་བཤད་ཞུ་བར་འདོད་པ་ལ། རྩོམ་འདི་གནས་ཆེན་རི་བོ་འབྲུག་སྒྲའི་ཁྱད་ཆོས་ཁོ་ན་དང་འབྲེལ་མ་ཆགས་ཀྱང་། ཁོ་བོའི་ཚོར་བ་བླ་མ་གོང་མའི་རྣམ་ཐར་རི་བོའི་ཁྱད་ཆོས་རྣམས་ལ་སོགས་པ་དང་འབྲེལ་ཡོད་ཞུ།

     ཞེས་ ༢༠༢༡/༡༢/༡༩ རེས་གཟའ་ཉི་མའི་ཉིན་མོར་ཐ་ཤལ་བ་ཕྲིན་ལས་རྡོ་རྗེ་ཡིས་བྲིས་པ་དེ་ཡང་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།