སློབ་སྤྲུལ་འཆི་མེད་ཚེ་དབང་།
ཡེ་སྟོང་ཀ་དག་ཆོས་དབྱིངས་ཀུན་བཟང་མོ།།
རང་བཞིན་ལྷུན་གྲུབ་འཕགས་མ་ཏཱ་རེ་མ།།
ཟུང་འཇུག་ཡེ་ཤེས་སྤྲུལ་སྐུ་མཚོ་རྒྱལ་ཡུམ།།
གངས་རི་ར་བས་བསྐོར་བའི་བོད་ཡུལ་དབུས།།
རྗེས་ཆགས་ཐུགས་ཀྱིས་འདོར་བར་མ་ཕོད་པས།།
མ་སྨད་རིགས་ཀྱི་ཆེ་བ་མཁར་ཆེན་བཟའ།།
མཚན་དཔེའི་མེ་ཏོག་སྒྲགས་ཀྱི་མདའ་རུ་བཞད།།
ཆུང་ངུའི་དུས་ནས་ངེས་འབྱུང་རབ་བརྟན་ཅིང་།།
དད་པའི་བག་ཆགས་ཆོས་ལ་སད་པ་ན།།
ལང་ཚོའི་དཔལ་ལ་ཆགས་པའི་སྟག་ཤར་སྟོང་།།
གཉིད་ལའང་ཐོགས་པའི་རེ་འབྲས་དོན་མེད་གྱུར།།
དེ་ཚེ་མངའ་བདག་ས་ཡི་ཚངས་པ་མཆོག།
ཁྲི་སྲོང་ལྡེའུ་བཙན་བཀའ་ལུང་རབ་ལྕི་ཞིང་།།
ལས་སྨོན་རྟེན་འབྲེལ་མི་བསླུའི་བདེན་མཐུ་ཡིས།།
ཕོ་བྲང་བྲག་དམར་བཙུན་མོའི་གཡུ་ཁྲི་མནན།།
ཞིང་སྔགས་ལྷན་སྐྱེས་ཌཱ་ཀི་ཡོངས་ཀྱི་གཙོ།།
གངས་ཅན་ལྗོངས་སུ་འཁྲུངས་པའི་རྟེན་འབྲེལ་གྱིས།།
ཨོ་རྒྱན་མཁའ་འགྲོའི་ཚོགས་དཔོན་པདྨ་འབྱུང་།།
ཞབས་པད་གེགས་མེད་བོད་མིའི་སྤྱི་བོར་སོན།།
ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གིས།།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམས།།
ལུས་དང་ལོངས་སྤྱོད་བླ་མར་ཕུལ་པ་ན།།
ཅི་ཡང་མ་བཞེས་བཞེས་པ་ཁྱེད་ཁོ་ན།།
འོག་མིན་མཆིམས་ཕུ་རྡོ་རྗེའི་ཀེའུ་ཚང་དུ།།
ལས་ཅན་རྗེ་འབངས་སྙིང་གི་བུ་དགུ་ཡིས།།
པདྨའི་ཐུགས་ཀྱི་གསང་མཛོད་བརྟོལ་བའི་ཚེ།།
རིག་པའི་མེ་ཏོག་དཔལ་ཆེན་ཕུར་པས་བཞེས།།
མོན་ཁ་ནེ་རིང་སྤ་གྲོ་སྟག་ཚང་གཙོས།།
དབེན་གནས་ཀུན་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས།།
བལ་ཡུལ་དབུས་སུ་ཤི་བ་བསླངས་པ་སོགས།།
ངོ་མཚར་གྲུབ་རྟགས་མཛད་པ་བསམ་ལས་འདས།།
རྒྱལ་བ་ཀུན་དངོས་ཕ་གཅིག་ཨོ་རྒྱན་རྗེ།།
སྲིན་པོའི་ཡུལ་དུ་གཤེགས་རྗེས་རྒྱལ་ཚབ་ཏུ།།
བོད་ཡུལ་མཐའ་དབུས་གཏེར་གྱིས་བཀང་བ་དང་།།
གཏེར་ཞབས་སྡོམ་པར་མཛད་པའི་བཀའ་དྲིན་བསྐྱངས།།
ནམ་ཞིག་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟར།།
སྒྱུ་ལུས་མ་སྤངས་པདྨ་འོད་དུ་གཤེགས།།
རྔ་ཡབ་དཔལ་རིར་མཐིང་འོད་འབར་མ་ཞེས།།
ཞེ་སྡང་སྲིན་པོ་འདུལ་བའི་དཔོན་མོར་བཞེངས།།
ཁྱད་པར་ཟབ་གསང་འོད་གསལ་རྡོ་རྗེ་ཐེག།
མཁའ་འགྲོའི་སྙིང་ཐིག་དྲོད་རླངས་མ་ཡལ་བ།།
ད་ལྟའང་སྔ་འགྱུར་བསྟན་པ་མིང་དང་དོན།།
མཚུངས་པར་བཞུགས་པ་མ་གཅིག་ཁྱེད་ཀྱི་དྲིན།།
བོད་བཟའ་པདྨ་ཅན་གྱི་ཚུལ་བཟུང་ནས།།
གངས་ལྗོངས་མགོན་དུ་ཆེད་དུ་ཕེབས་པས་ན།།
བུ་ཆུང་མ་ལ་འཁྲི་བའི་གདུང་འབོད་ལྟར།།
གསོལ་བ་བཏབ་ན་ཐུགས་རྗེ་ལྷག་པར་མྱུར།།
བདག་ནི་རྨོངས་དང་བག་མེད་གཞན་དབང་གིས།།
ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར།།
དམ་ཚིག་ཉམས་དང་རྟེན་འབྲེལ་ཕྱུགས་པ་བཤགས།།
མ་གཅིག་ཁྱེད་ཀྱིས་བུ་བཞིན་སྐྱོང་བར་མཛོད།།
དད་མོས་དག་སྣང་ལྟེམ་རྐྱང་ཤོར་བ་ལ།།
དགོངས་རྒྱུད་རྟོགས་པ་འཕོ་ཐབས་ག་ལ་ཡོད།།
བྱམས་དང་སྙིང་རྗེའི་རྩ་བ་རུལ་པ་ན།།
བྱང་ཆུབ་སེམས་ཀྱི་འབྲས་བུ་སྨིན་མི་འགྱུར།།
དེ་ཕྱིར་ཡུམ་ཆེན་ཁྱེད་ཀྱི་ཐུགས་རྗེ་ཡིས།།
བདག་བློ་དགེ་ལ་འགྱུར་བར་མཛད་དུ་གསོལ།།
ཐར་པའི་ལམ་སྣ་མྱུར་དུ་ཟིན་པ་དང་།།
བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས།།
ཞེས་པ་འདི་ནི་སྐྱེ་བ་ཀུན་ཏུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་བཀའ་འབངས་སུ་སྨོན་ལམ་འདེབས་པའི་སྙོམ་ལས་པ་འཆི་མེད་ཚེ་དབང་དུ་འབོད་པ་དེས་རྐྱེན་ཞིག་གིས་བསྐུལ་ནས། བོད་རབ་གནས་ལྕགས་གླང་ཟླ་ ༠༧ ཚེས་ ༡༥ ཉིན་བྲིས།
རྩོམ་པ་པོའི་ངོ་དེབ་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།