རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 21 December 2021

སངས་རྒྱས་ཀྱི་གསུང་རབ་གདམས་པ་ཀུན་བཏུས་«ཆོས་ཀྱི་ཚིགས་སུ་བཅད་པ་»ལ་བལྟ་བར་བསྐུལ་བ།

འཇིགས་མེད་དགྲ་འདུལ།


སངས་རྒྱས་གསུང་རབ་རྒྱ་མཚོ་ལྟ་བུ་ལས།།
འཁོར་འདས་སྤང་བླང་ཚུལ་བཞིན་བསྟན་པ་ཡི།།
གཞི་དང་རྩ་བ་སྙིང་པོ་ལྟ་བུ་ནི།།
ཆོས་ཀྱི་ཚིགས་སུ་བཅད་པ་འདི་ཉིད་ཡིན།།

རྒྱ་བརྒྱུད་བོད་བརྒྱུད་གནས་བརྟན་སྡེ་པ་སྟེ།།
དེང་སང་གྲགས་པའི་ནང་བསྟན་གསུམ་སོ་སོར།།
རྒྱལ་གསུང་བཀའ་པོད་གྲངས་མི་ལོངས་པ་རུ།།
ཡོད་ཀྱང་ཀུན་གྱི་གཅིག་ཆོག་འདི་ཉིད་ལགས།།

ལམ་མཆོག་ཀུན་གྱི་རྩ་བ་ངེས་འབྱུང་དང་།།
ལས་འབྲས་ཚུལ་ལ་དད་པའི་ཡིད་ཆེས་ཏེ།།
དེ་དག་མ་བསྐྱེད་པས་ནི་ལམ་གང་འཚོལ།།
དེ་ཕྱིར་དེ་དོན་འཚོལ་ཕྱིར་གཞུང་འདིར་གཞོལ།།

ནང་བསྟན་སོ་སོའི་སྐྱ་སེར་རིས་མེད་ཀྱིས།།
འདི་ཉིད་ཐོས་བསམ་བསྒོམ་ལ་ཀུན་ཏུ་སྒྲོགས།།
དམ་པའི་གསུང་རབ་ཅེས་པ་འདི་ལྷག་མེད།།
དམ་པ་ཉིད་ཀྱང་འདི་ལས་དབྱེར་མ་མཆིས།།

དེ་ཕྱིར་དམ་པ་ཉིད་དང་མཇལ་འདོད་ན།།
འདི་ཉིད་ནན་ཏན་ཉམས་ལེན་མཛོད་ཅིག་དང་།།
གནས་སྐབས་མངོན་མཐོ་ལྷ་མིའི་རྗེས་སྙེག་ཅིང་།།
མཐར་ཐུག་ཞི་བའི་གོ་འཕང་མཆོག་རེག་འགྱུར།།

བྷ་ཝ་ཏུ་སབྦ་མངྒ་ལཾ།

     དཀོན་མཆོག་ཐུབ་བསྟན་འཇིགས་མེད་དགྲ་འདུལ་དབང་པོའམ། སྤྲང་བན་དོལ་བུ་ཧྲལ་པོར་འབོད་པས། འཕར་བ་ཞེས་པའི་འབྱུང་ལྡན་གྱི་ས་ག་ཟླ་བའི་ནག་ཕྱོགས། ཚེས་པ་ཉེར་གཉིས་པའི་ཉིན་བྲིས་པ་དགེ་ལེགས་འཕེལ།


📕ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ་པ་སྒྲུང་དང་བཅས་པར་གཟིགས་འདོད་ན། འདིར་གནོན། 👉 ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ་པ། (གྷུ་གྷལ་དྲྭ་ཐོག་དཔེ་དེབ།)

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།