ཐུབ་བསྟན་དབང་གྲགས། སྔ་འགྱུར་མཐོ་སློབ་ཆེན་མོ།
དུས་རབས་བཅུ་གཅིག་ཉི་མ་ཤར་བའི་སྐབས།།
སྔ་འགྱུར་ལོ་ཙཱའི་ལེའུའི་མཇུག་མཐའ་དང་།།
ཕྱི་འགྱུར་མཁའ་དབུགས་གསར་པ་རྙེད་མཚམས་དེར།།
དེ་ལྟར་བྱོན་པའི་སྐྱེས་བུ་མཁས་པ་དེ།།
སྣར་ལུང་རོང་ལ་རོང་བན་ཚུལ་ཁྲིམས་ཀྱི།།
སྲས་སུ་འཁྲུངས་ཞེས་དམ་པའི་ཞལ་ནས་གསུངས།།
དེང་སང་བཤད་ན་རིན་སྤུངས་རྫོང་དུ་གཏོགས།།
འཁྲུངས་ལོ་འཁྲུངས་ཚེས་བཤད་ཚུལ་སྣ་ཚོགས་ཀྱང་།།
བཤད་བཤད་གཏམ་གྱི་རྩ་བ་ཞིག་གླེང་ན།།
ལོ་རབས་ཆིག་སྟོང་བཞི་བཅུ་འཐད་པར་བཟུང་།།
དུས་རབས་བཅུ་གཅིག་ཡིན་པར་དོགས་པ་མེད།།
ཁོང་ནི་སྔ་འགྱུར་ཕྱི་འགྱུར་གང་ཡིན་ཐད།།
མི་གཅིག་བཤད་ཚུལ་མང་པོ་ཡོད་ན་ཡང་།།
དུས་ཀྱི་ལྟར་ན་ཕྱི་འགྱུར་གསར་མ་པའི།།
ལོ་ཙཱའི་ཕྲེང་བའི་གྲལ་དུ་བགྲངས་ན་ལེགས།།
རྒྱུད་གཞུང་བཤད་སྒྲོས་ལྟ་བའི་འཛིན་མཚམས་སོགས།།
པད་འབྱུང་བི་མའི་དགོངས་པ་དམར་རྗེན་ཡིན།།
དེ་ཕྱིར་ལྟ་བའི་ཆ་ནས་སྔ་འགྱུར་པའི།།
རྫོགས་པ་ཆེན་པོའི་སྲས་ཀྱི་ཐུ་བོ་ཡིན།།
དམ་པ་འདི་ནི་རྒྱ་གར་མ་འཁྲུངས་ཀྱང་།།
རྒྱ་གཞུང་པཎ་གྲུབ་རྣམས་ལས་མཁས་ཚུལ་ཞེས།།
བོད་པས་འུར་བསྟོད་བྱས་པ་མ་ཡིན་ཏེ།།
ཇོ་བོ་རྗེ་ཡི་ཞལ་ནས་ཐལ་རབས་གདའ།།
ཁོང་གིས་བླ་མ་མདོ་སྟོན་སེང་གེ་ལས།།
སྔ་འགྱུར་ཟབ་ཆོས་མང་པོ་ཞུས་ཚུལ་དང་།།
ཞུས་ནས་གྲུབ་རྟགས་ནང་ན་བརྙེས་པའི་ཚུལ།།
བརྙེས་ནས་གཞུང་ལུགས་འབུམ་ཕྲག་རྡོལ་བར་གྲགས།།
མཁས་པའི་ཚུལ་དང་ཚུགས་ཀ་ཟབ་མོའི་གནད།།
མང་པོ་བཤད་ན་བླུན་པོས་གོ་དཀའ་བས།།
དུས་སྐབས་དེ་དང་དེ་ཡི་ཡར་མར་ནས།།
རྩོམ་ཆོས་གླེགས་བམ་མང་ཤོས་ཁོང་ཉིད་ལགས།།
ཐེག༵་པ་ཀུན་གྱི་རྩེ་མོ་རྫོགས་པ་ཆེ༵།།
དེ་ཡི་ཚུལ༵་ནི་ཆོས་ཀུན་སྒྱུ་མ་དང་།།
གཉིས་མེད་མགོ་མཉམ་ཉིད་དུ་ངེས་པ་ཡིན།།
དེ་ལ་འཇུག༵་པའི་གཞུང་བཟང་ལེགས་བཤད་ཡོད།།
ཅེས་དཔལ་རོང་ཟོམ་ཆེན་པོའི་མཛད་པའི་གཞུང་བཟང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བ་དེ། དབུ་ནས་ཞབས་ཀྱི་བར་དཔེ་ཀློག་ལེགས་པར་ཚར་བའིམཐའ་མཚམས་སུ། རང་ཤག་ནས་རྨ་འབྲོག་འཁྱམས་འབོད་པ་དེས་ཤར་མར་བྲིས་པའོ།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།