སྒྱུར་བ་པོ། དོལ་ཚེ་དགའ།
ནང་དོན་གནད་བསྡུས།: བསྒྱུར་རྩོམ་འདི་ནི། རྒྱ་གར་ནང་གི་ཡར་བསྐུལ་གཏམ་བརྗོད་པ་གྲགས་ཅན་སྐུ་ཞབས་ཝི་ཝེཀ་བིནྡྲ་མཆོག་གི། དབྱིན་ཧིན་སྦྲགས་མའི་གསུང་བཤད་བརྙན་ཐུང་ཚན་པ་གཉིས་ལས་ཕབ་བསྒྱུར་ཞུས་པའི་བསྒྱུར་རྩོམ་ཚན་པ་གཉིས་ཅན་ཞིག་ཡིན། ཚན་པ་དང་པོས་ལས་དོན་ཆེ་ཆུང་ཅི་ཡང་མངོན་པར་གྲུབ་ཐུབ་པའི་བསྒུལ་ཤུགས་སམ། བསྐུལ་འདེད་ཐམས་ཅད་ཀྱི་རྩ་བ་རང་རྟོན་གྱི་འདུ་ཤེས་འདི་ཡིན་པར་བསྟན་པ་དང་། ཚན་པ་གཉིས་པས་རང་གིས་འདོད་པའི་གྲུབ་འབྲས་ལེགས་སོན་བྱེད་རུང་། ངེས་པར་དུ་ཡིད་ཆད་དང་བག་ཁུམས་མི་འབྱུང་ཕྱིར། ཡང་དག་པའི་བསམ་བློའི་ཁྱེར་སོ་ཡོད་པའི་ཐོག་ཉམས་མྱོང་དང་ལྟ་ཚུལ་གསོག་འཇོག་གིས། རང་རྟོན་གྱི་འདུ་ཤེས་ཇི་ལྟར་བསྐྱེད་ཅིང་སྤེལ་བའི་ཚུལ་བཤད་ཡོད།
ཚན་པ་དང་པོ།
རང་རྟོན་འདུ་ཤེས་ཀྱི་ངོས་འཛིན།
གོ་ལ་འདིར་ལམ་ལྷོང་བྱུང་མཁན་ཐམས་ཅད་ཀྱི་ལོ་རྒྱུས་ཡོངས་རྫོགས། ད་ལྟའི་དུས་ཡུན་ཐུང་ངུའི་ནང་དུ་ཁ་ཕོ་སྒྲོག་པར་བྱ་ཕྱིར་ལེགས་གྲུབ་བྱུང་ཡོད་པ་ལོས་ཡིན། ཁྱེད་རང་གིས་སོ་སོའི་མི་ཚེར་འགོ་ཁྲིད་བྱེད་དགོས་པ་མེད་དེ། ཁྱེད་རང་གི་རྣམ་དཔྱོད་ཀྱིས་ཁྱེད་རང་ལ་འགོ་ཁྲིད་བྱེད་པ་ཡིན། ཁྱེད་རང་གིས་སོ་སོར་གཏན་འབེབས་བྱེད་དགོས་པ་མེད་དེ། ཁྱེད་རང་གི་རྣམ་དཔྱོད་ཀྱིས་ཁྱེད་རང་ལ་གཏན་འབེབས་བྱེད་པ་ཡིན།
༡༽ བསྒུལ་ཤུགས་ཀྱི་འབྱུང་ཁུངས།
ཁྱེད་རང་ལ་བསམ་བློའི་བསྒུལ་ཤུགས་(Motivation)གང་ནས་ཡོང་གི་ཡོད་རེད་དམ། བསམ་བློའི་བསྒུལ་ཤུགས་ཀྱི་རྩ་བའི་འབྱུང་ཁུངས་གང་འདྲ་ཡིན་ནམ། ཁྱད་འཕགས་མི་སྣ་ཞིག་གི་བསམ་བློའི་བསྒུལ་ཤུགས་གང་ནས་ཡོང་གི་ཡོད་དམ། ཁྱེད་རང་རྒྱུན་དུ་བསྒུལ་ཤུགས་ངང་ལ་ཇི་ལྟར་གནས་ཐུབ་བམ། འགའ་ཞིག་གིས་ཟེར་ན། "ཆེ་མཐོང་།" དེ་བཞིན་རེ་འགས་ཟེར་ན། "དགའ་སྐྱིད།'' "གྲུབ་འབྲས།" "ཆོག་ཤེས།" བཅས་དང་། ཡང་འགའ་ཤས་ཀྱིས་ཟེར་ན། "ལམ་ལྷོང་།" དང་། ཁ་ཅིག་གིས། "སྒོར་མོ་"སྟེ། མི་སྣ་སོ་སོའི་འདོད་བློ་ལྟར་འདི་དག་གིས་བསྒུལ་ཤུགས་སྤྲོད་ཀྱི་ཡོད་པར་འདོད། གལ་ཏེ་སྒོར་མོ་ཉིད་བསྒུལ་ཤུགས་སྤྲོད་མཁན་ཞིག་ཡིན་ཚེ། ཁྱེད་རང་གི་ཚོགས་སྡེས་ཁྱེད་རང་ལ་གླ་ཕོགས་མཐོ་ཤོས་བྱིན་གྱི་འདུག་ཟེར་དུས། ངས་དེ་ལ་ཡ་མེད་བཏང་ན་ཆོག་མོད། འོན་ཀྱང་མི་རྣམས་ཚོགས་སྡེ་དེར་མུ་མཐུད་ལས་ཀའི་ཆེད་བསྐྱོད་བཞིན་ཡོད། དོན་ངོ་མར་བྱས་ན། སྒོར་མོ་ནི་ཁྱད་དུ་འཕགས་པའི་བསྒུལ་ཤུགས་སྤྲོད་མཁན་ཞིག་གཏན་ནས་མིན། གལ་ཏེ་ལམ་ལྷོང་ནི་ཁྱེད་རང་ལ་བསྒུལ་ཤུགས་བྱིན་མཁན་ཞིག་ཡིན་པར་འདོད་ཚེ། ཇི་ཙམ་ལམ་ལྷོང་བྱུང་བ་དེ་ཙམ་དུ་བསྒུལ་ཤུགས་ཡོད་ལ། ནམ་ཞིག་ལམ་ལྷོང་མེད་པར་གྱུར་བ་དེ་ནས་བསྒུལ་ཤུགས་ཀྱང་མེད་པར་གྱུར་བ་ཡིན། དེས་ན་བསྒུལ་ཤུགས་ཞེས་པ་ནི། ཕྱི་རོལ་ལ་ལྟོས་ནས་གྲུབ་པ་གཏན་ནས་མིན། ནམ་ཞིག་བསྒུལ་ཤུགས་ཀྱི་འབྱུང་ཁུངས་ཕྱི་རོལ་ལ་བརྟེན་པ་དེའི་ཚེ། ཁྱེད་ཀྱིས་ནམ་ཡང་ལོ་རྒྱུས་གསར་བསྐྲུན་བྱེད་མི་ཐུབ་པ་ཡིན། གང་ཡིན་ཟེར་ན། དེ་ལྟ་བུའི་ཐབས་ལམ་གྱིས་ཁྱེད་རང་ལ་བསྐུལ་སློང་འབྱིན་མི་ཐུབ་པ་ཡིན་ཏེ། དེའི་ཚེ་ཁྱེད་རང་གི་བསྒུལ་ཤུགས་ཡལ་ཟིན་པས་སོ།།
གཅིག འོ་ན་བསྒུལ་ཤུགས་སམ་བསྐུལ་སློང་གི་རྩ་བའི་འབྱུང་ཁུངས་གང་ཞིག་རེད་ཅེ་ན། རང་གིས་རང་ལ་ཡིད་གཉིས་ཐེ་ཚོམ་མེད་པར་གང་ཡང་སྒྲུབ་ཐུབ་པར་འདོད་པའི་ཡིད་རྟོན་གྱི་བློ་སྟེ། རང་རྟོན་གྱི་ཐབས་ཚུལ་བླ་ན་མེད་པ་དེའོ། །དེ་ཡང་དཔེར་ན། ཐཱའི་ལེནཌ་མི་རིགས་ཀྱི་བུད་མེད་ཚོས་རང་ཉིད་ཀྱི་ངོ་གདོང་ལ་ཨི་ཁུང་ཕུག་སྟེ་སྨྱུག་མའི་རྒྱན་ཆས་སྤྲོས་ཀྱི་ཡོད་པ་དང་། དེས་ཁོ་རང་ཚོར་མནར་གཅོད་མྱོང་གི་ཡོད་མོད། འོན་ཀྱང་ཁོང་ཚོས་འདི་ལྟར་བཤད་པར་བྱེད་དེ། "ཐབས་ལམ་འདི་དག་གིས་ང་ཚོར་མནར་གཅོད་མི་ཕོག་སྟེ། ང་ཚོའི་དཀོན་མཆོག་ཐུགས་མཉེས་པར་གྱུར་ཞིང་། ངེད་ཅག་ཀྱང་སྒྲིབ་པ་སྦྱོང་བར་བྱ་བའི་ཕྱིར་ཡིན་ནོ།།" ཞེས་ཟེར་བར་བྱེད། འདི་ལྟ་བུའི་བསྐུལ་སློང་ནི་རང་རྟོན་གྱི་ཐབས་ཚུལ་(Belief System)བླ་མེད་དེ་ལས་བྱུང་བ་ཡིན། དེ་བཞིན་རྒྱ་གར་དུ་དུརྒ་ལྷ་མོའི་དུས་མཆོད་ཉིན་མོར། བུད་མེད་ཚོས་མེ་རླབས་འུར་འུར་འབར་བཞིན་པའི་རྡོ་ཚན་གྱི་བཞུད་ལམ་སྟེང་། གོམ་པ་སྤོས་ནས་འགྲོ་བཞིན་ཡོད། དེས་ཀྱང་ཁོང་ཚོར་མནར་གཅོད་མྱོང་གི་ཡོད་མོད། འོན་ཏེ་གོང་ལྟར་ཁོང་ཚོས་ཀྱང་འདི་ལྟར་བཤད་པ་ཡིན་ཏེ། "ཐབས་ལམ་འདི་དག་གིས་ང་ཚོར་མནར་གཅོད་མི་ཕོག་སྟེ། ངེད་ཅག་གིས་སྒྲིབ་པ་སྦྱོང་བར་བྱ་བའི་ཕྱིར་དང་། ང་ཚོའི་དཀོན་མཆོག་དུརྒ་ལྷ་མོ་ཐུགས་མཉེས་པར་གྱུར་བའི་ཕྱིར།" ཞེས་ཟེར་བ་ཡིན། འདི་ཡང་རང་རྟོན་གྱི་ཐབས་ཚུལ་བླ་ན་མེད་པའི་བསྐུལ་སློང་དེ་ལས་བྱུང་བ་ཡིན། བསྐུལ་སློང་དེ་ཡོད་ཕྱིན་ཁོང་ཅག་ལ་མནར་གཅོད་ཀྱི་ཚོར་སྣང་གཏན་ནས་ཡོང་གི་མེད།
དེ་བཞིན་ཁྱེད་རང་གིས་མཁྱེན་བཞིན་པ་རེད། སའི་གོ་ལ་འདིར་ཇག་ཚོགས་ཡ་ང་བ་དེ་འདྲ་རེ་འགའ་ཡོད་པ་རེད། ཁོང་ཚོས་སྙིང་རྗེ་སྤུ་ཙམ་མེད་པར་བྱིས་པ་དམར་གསོད་གཏོང་གི་ཡོད། འོན་ཀྱང་ང་ཚོས་དེ་འདྲ་བྱེད་ག་ལ་ཐུབ། ཁོང་ཚོས་ལས་དོན་དེ་དག་སྟབས་བདེའི་ངང་སྒྲུབ་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། ཁོང་ཅག་ལ་ཁྱད་དུ་འཕགས་པའི་བསམ་བློའི་བསྐུལ་སློང་སྟེ། རང་རྟོན་གྱི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ཡོད་པས་རེད། དེ་ཡང་"འདི་ལྟར་བྱས་ན་བདག་གི་དཀོན་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་གི་རེད་"ཅེས་དྲན་གྱི་ཡོད། རང་རྟོན་གྱི་འདུན་པ་(Belief System)དྲག་པོ་ཡོད་མཁན་དག་གིས་ལས་དོན་གང་ཞིག་ཀྱང་གྲ་སྒྲིག་བྱེད་ཐུབ་ཀྱི་ཡོད། བྱ་བ་མནོག་ཆེན་མནོག་ཆུང་ལ་མ་ལྟོས་པར་ཡོད་ཚད་སྒྲུབ་ཐུབ་པའི་ཆོད་སེམས་ཡོད། དཔེར་ན་མེན་ཌེ་ལཱ་ལོ་ངོ་སུམ་ཅུ་སོ་བཞི་ཐམ་པ་བཙོན་ཁང་དུ་མི་ཚེ་སྐྱེལ་དགོས་བྱུང་ཡོད། དེ་ཡང་རང་རྟོན་གྱི་འདུན་པར་རག་ལས་པ་ལས། གླ་ཕོགས་ལ་བརྟེན་པ་དེ་འདྲ་གཏན་ནས་མིན། གཞན་ཡང་ལིན་ཀོཧྣ། གནྡྷཱི། ཊེ་རེ་སཱ། ལ་སོགས་པའི་འཛམ་གླིང་གི་གྲགས་ཅན་མི་སྣ་ཐམས་ཅད་པོར། རང་རང་ལ་ཁྱད་དུ་འཕགས་པའི་རང་རྟོན་གྱི་འདུན་པ་དྲག་པོ་རེ་ལྡན་པས་ཡིན།
གཉིས། གླང་ཆེན་སྤྱི་དང་ཁྱད་པར་གླང་ཆེན་གྱི་ཕྲུ་གུ་རྣམས་ཤིན་ཏུ་སྨྱོ་འཚུབ་འཚུབ་ཡོང་གི་ཡོད། མི་རྣམས་ཀྱིས་གླང་ཕྲུག་དེ་ཚོར་ལྕགས་ཐག་གིས་བདམས་ཏེ་འཇོག་དུས། དེ་དག་གིས་ཐབས་ཤེས་ཡོད་ཚད་སྒོས་འཆིང་ཐག་དེ་གཅོད་ཐབས་བྱེད་ཀྱི་ཡོད། ལུས་པོར་རྨ་འཐོན་རུང་ཁྲག་འཐོན་རུང་། འཆིང་ཐག་གཅོད་ཐབས་ཡོད་དགུ་རྩལ་སྤྲུགས་བྱས་ཀྱང་། ལར་ནས་གཅོད་ཐུབ་ཀྱི་མེད། རིམ་གྱིས་གླང་ཕྲུག་དེ་དག་ཆེན་པོ་ཆགས་རིམ་བཞིན། མི་རྣམས་ཀྱིས་དེ་དག་ལ་རྩའི་ཐག་པས་སྨྱུག་མའི་གདུང་ཤིང་ལ་བདམས་ཏེ་འཇོག་གི་ཡོད། དེའི་ཚེ་གླང་ཆེན་གྱིས་རང་གི་རྐང་པ་ཙམ་མིན་པར། རྗེ་ངར་གྱིས་ཀྱང་ཤུགས་ཆེན་པོས་གདུང་ཤིང་ལ་གཞུས་ཏེ། རང་ཉིད་བཅིངས་པ་ལས་ཐར་ཐབས་བྱེད་པ་ན། ཐམས་ཅད་ཀྱིས་གདུང་ཤིང་དེ་གཏོར་ཐུབ་པ་ཙམ་ལས། འཆིང་སྒྲོག་ནི་གཅོད་མི་ཐུབ་པ་ཡིན་ཏེ། དེ་ལྟར་མི་ཐུབ་པའི་རང་རྟོན་གྱི་ཡིད་ཆེས་ཡོད་པས་ཡིན།
དེ་བཞིན་འཚོ་བྱེད་སྨན་པ་ཞིག་གིས། "སྐུ་ཞབས་ལགས། གསོལ་སྨན་འདི་མཆོད་དང་། ཉིན་གཉིས་ཚུན་ཆད་དྲག་སྐྱེད་བྱུང་གི་རེད། འདི་ཁྱེད་རང་རང་གི་ཆེད་དུ་ཨ་རི་ནས་མངགས་པའི་སྨན་ཡིན།" ཞེས་བརྗོད་མ་ཐག་སྐུ་ཞབས་དེས་ཡིད་ཆེས་བློས་འགེལ་གྱིས། སྨན་ཟ་བཞིན་ཉིན་གཉིས་ནང་དྲག་སྐྱེད་ཡོང་བར་རེ་བ་བྱེད། ཏག་ཏག་ཉིན་གཉིས་ནང་ནད་གཞི་ཡང་དྲག་གི་ཡོད། འོན་ཀྱང་ལེགས་པར་གཞིགས་ཚེ། སྨན་དེ་ནི་ནད་གཞི་དེ་ག་རང་གི་སྨན་མིན་ཏེ། དེ་ནི་གློ་སྨན་ཞིག་ཡིན་པ་རེད། འདི་ལ་སྨན་རྫས་བེད་སྤྱོད་བཏང་ཤུལ་གྱི་རྗེས་འབྲས་ (Placebo Effect) ཟེར། མདོར་ན་འདི་ལྟར་དྲག་ཐབས་དེའང་ཡིད་རྟོན་དྲག་པོའི་ཐབས་ཚུལ་ལས་བྱུང་བ་རེད།
༢༽ བསྒུལ་ཤུགས་ཀྱི་རྗེས་འབྲས།
སེམས་ཟེར་བ་དེ་བསམ་གྱིས་མི་ཁྱབ་པའི་སྟོབས་ལྡན་ཞིག་རེད། སེམས་འདིའི་དབང་གིས་མི་རྣམས་ལ་ཅི་ཡང་བྱེད་དུ་འཇུག་གི་ཡོད། གང་ཡང་ཆགས་སུ་འཇུག་གི་ཡོད། ཁྱེད་རང་ཡོད་པ་བཟོ་མཁན་ཡང་སེམས་འདི་ཉིད་ཡིན་ལ། མེད་པ་བཟོ་མཁན་ཡང་སེམས་འདི་ཉིད་ལས་མ་འདས་པ་རེད། ཁྱེད་རང་སྲ་བརྟན་འགྱུར་བ་མེད་པའི་སེམས་པ་ཅན་ཞིག་ཆགས་འདོད་རུང་། ཡང་ན་ཁྱེད་རང་བསམ་བློ་བ་ཕུལ་བྱུང་ཁྱད་འཕགས་ལྡན་པ་ཞིག་ཆགས་འདོད་རུང་། རང་ཉིད་ཀྱི་ཚེ་མཇུག་དེ་རེ་བ་མེད་པ་ཁོ་ནས་ཀྱང་མཇུག་སྒྲིལ་ཆོག་ལ། རྫོགས་རྒྱུ་མེད་པའི་རེ་བ་འབའ་ཞིག་གིས་ཀྱང་མཇུག་སྒྲིལ་ཆོག་པ་ཡིན།
ཁྱེད་རང་གིས་ཨ་རུ་ནི་མ་སིངྷ་ཟེར་བའི་བུད་མེད་ཅིག་ངོ་མཁྱེན་གྱི་ཡོད་དམ། རྒྱ་གར་ཡུ་པིའི་གྲོང་གསེབ་ཅིག་ནས་རེད། ཉིན་ཞིག་མོས་མེ་འཁོར་ལྕགས་ལམ་ཞིག་ཏུ་མེ་འཁོར་ལ་སྒུགས་ནས་སྡོད་སྐབས། གློ་བུར་དུ་མེ་འཁོར་ཞིག་སླེབས་པ་དང་བསྟུན། ཇག་པ་འགས་ཁོ་མོར་མེ་འཁོར་ཕྱོགས་ལ་འབུད་རྒྱག་བཏང་བས། མོ་རང་ལ་བརྡབ་སྐྱོན་ཆེན་པོས་རྐང་པ་གཉིས་ཀ་བེད་མེད་བཟོས་ཡོད་ཅིང་། མཚན་གང་སྐྱོབ་མཁན་མ་རྙེད་པར་ནགས་ཚལ་ཞིག་གི་ནང་དུ། མེ་འཁོར་ཞེ་གྲངས་ཙམ་ཡར་མར་བསྟུད་མར་རྒྱུ་བའི་ལྕགས་ལམ་གཉིས་ཀྱི་དབར་དུ་མཚན་གཅིག་གི་རིང་ལྷག་ཅིང་། ཞོགས་པའི་ཆར་སྐྱོབ་མཁན་རག་པ་དང་དིལླཱི་སྨན་ཁང་ཆེན་མོར་བསྐྱལ། དེར་འབྱོར་བ་དང་མོ་རང་གི་རྐང་པ་གཉིས་ཀ་ཆག་གྲུམ་ཤོར་ཟིན་པར། ཁོ་མོ་རང་ཉིད་ནས་ཤེས་ཟིན་ཅིང་། སྤྱིར་བཏང་བཤད་ན་མི་ཞིག་གི་མི་ཚེའི་ནང་དོ་ཕོག་ཆེན་པོ་སོང་བ་ཡིན་ཀྱང་། ད་དུང་ཞུམ་པ་མེད་པའི་སྤོབས་པ་ཆེན་པོས་མོས་འདི་སྐད་སྨྲས་ཏེ། "གལ་ཏེ་དཀོན་མཆོག་ཁྱེད་ཀྱིས་གུས་པར་བསྐྱབས་ན། གུས་པ་ཏན་ཏན་རང་ལོ་རྒྱུས་གསར་བསྐྲུན་བྱ་ཕྱིར། ཇོ་བོ་གླང་མ་འཛེགས་ཐུབ་པ་བྱེད་རྒྱུ་ཡིན། ཇོ་མོ་གླང་མོ་འཛེག་མཁན་གྱི་གྲགས་ཅན་མི་སྣའི་ནང་ཚུད་ཐུབ་པ་བྱེད་རྒྱུ་ཡིན།" ཞེས་ངར་ཤུགས་ལྡན་པས་དམ་བཅའ་བྱས། དེའི་རྗེས་མོ་རང་གི་ངོ་ཤེས་ལྕམ་སྐུ་བ་ཅེནྡྲི་པཱ་ལའི་(རྒྱ་གར་ནང་གི་བུད་མེད་རི་འཛེག་པ་ཐོག་མ།)དྲུང་དུ་བཅར་སྐབས། ལྕམ་སྐུ་དེས་སྨྲས་པ། "ཁྱོད་ཀྱིས་ད་ལྟའི་གནས་སྟངས་ཛ་དྲག་པོ་འདི་འདྲ་ཞིག་ཏུ་ཚུད་རུང་། ཇོ་མོ་གླང་མར་འཛེག་རྒྱུའི་སེམས་ཐག་བཅད་ཚར་ན། དེ་ནི་ཏག་ཏག་ཁྱོད་ཀྱིས་རི་དེ་འཛེགས་ཟིན་པ་དང་གཅིག་མཚུངས་ཡིན། དེས་ན་ད་ནི་ཁྱོད་ཀྱིས་ཇོ་མོ་གླང་མར་འཛེགས་ཏེ་དཔང་རྟགས་བསྟན་རྒྱུ་ལས་ལྷག་མེད་པ་ཡིན།" ཞེས་གསུངས་པས། ཁོ་མོས་དཔའ་སྤོབས་ལྡན་པའི་ངང་ཇོ་མོ་གླང་མས་བརྩིས་པའི་འཛམ་གླིང་ནང་གི་རི་ཆེན་པོ་བདུན་སོགས་ལ་འཛེགས་ཐུབ་པའི་ལམ་ལྷོང་ལེགས་པོ་བྱུང་བ་མ་ཟད། ད་ཆ་མོ་རང་རྒྱ་གར་གཞུང་ནས་པདྨ་ཤྲཱིའི་གཟེངས་རྟགས་ཐོབ་མཁན་གྲས་སུ་ཚུད་ཡོད།
དེས་ན་མིའི་མི་ནུས་པའི་རང་བཞིན་དེ། ལུས་པོའི་སྟེང་ནས་མ་ཡིན་པར་སེམས་ཀྱི་སྟེང་ནས་ཡོང་གི་ཡོད། གལ་ཏེ་སེམས་ཐོག་ནས་མི་ནུས་པའི་རང་བཞིན་དེ་སླེབས་ཚར་ནས་བཟུང་། ཁྱོད་རང་ནམ་ཡང་མི་ནུས་པའི་གནས་སྐབས་ལས་འདའ་མི་ཐུབ་པར་ལྷག་འགྲོ་བ་ཡིན།
་་་་་་་མུ་འགོད།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།