རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 4 June 2022

གཏམ་འདི་ཚོ་གསན་པ་ཨེ་བྱུང་ལགས།

ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


ལ་ལུང་པ་མང་པོའི་ཕར་རྒྱབ་ཀྱི།།
མཐོ་གངས་དཀར་རི་བོའི་འདབས་ལོགས་ནས།།
དྲིན་ཆེ་བའི་ཕ་མ་གཉེན་འཁོར་ཀུན།།
གཏམ་འདི་ཚོ་གསན་པ་ཨེ་བྱུང་ལགས།།

གནའ་སྔ་མོ་སྔ་མོའི་དུས་ཚོད་དེར།།
ནང་དཀྱུས་མ་དཀྱུས་མའི་ཁྱིམ་ཚང་ནས།།
རྒྱུ་དཔལ་འབྱོར་འཁོས་ཀ་ཞན་ན་ཡང་།།
ལུས་རྒྱན་ཆ་བཀྲོལ་ནས་ཆོས་རྒྱགས་སྦྱངས།།

བུ་སྤུན་གསུམ་སྙིང་དུ་བཅངས་བཅངས་ནས།།
ཡུལ་རི་གྲོང་ག་ཚོད་ག་ཚོད་བསྐོར།།
དབྱར་ཆར་ཆུས་ཙམ་བརྡུངས་ཙམ་མ་བརྡུངས།།
དགུན་ཁ་བས་ཙམ་དང་ཙམ་ཞིག་གཙེས།།

ས་ཐག་རིང་ས་མཐའི་རྒྱལ་ཁམས་ཏེ།།
ལྷོ་རྒྱ་མཚོ་ཆེན་པོའི་ཉེ་འདབས་ཀྱི།།
གནས་འཕགས་ཡུལ་རྒྱ་གར་ལྷོ་ཕྱོགས་སུ།།
མགོན་༧གྲུབ་དབང་བླ་མའི་སྐྱབས་འོག་ཚུད།།

སྐྱབས་བླ་མེད་༧སྐྱབས་རྗེ་གྲུབ་དབང་མཆོག།
ཐུགས་བྱམས་བརྩེའི་ཉི་མ་རང་ཤར་གྱི།།
ཐབས་ཤེས་རབ་འོད་ཀྱི་སྣང་བ་ལས།།
བུ་ལས་ཅན་སྙིང་ལ་འོད་ཟེར་ཕོག།

ཆོས་བླ་མེད་མདོ་སྔགས་ཆོས་སྐོར་ཏེ།།
ལམ་ཐེག་པ་རིམ་དགུའི་གནད་གསང་ལ།།
ལོ་ཧྲིལ་པོ་བགྲང་བྱ་དགུ་ཡི་རིང་།།
བློ་རིག་པས་ཐོས་བསམ་སྒྲོ་འདོགས་བཅད།།

གནས་བླ་མེད་གསང་ཆེན་སྔ་འགྱུར་གྱི།།
སྡེ་ཆེན་པོ་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་།།
གྲོགས་བླ་མེད་རྡོ་རྗེ་ཆོས་གྲོགས་འགྲོགས།།
དོན་བླ་མེད་བྱང་ཆུབ་གོ་འཕང་བཙལ།།

གཉེན་བླ་མེད་ཨ་ཞང་ཟླ་བས་གཙོས།།
ལམ་སྟོན་པའི་གཉེན་དང་དགེ་རྒན་གྱིས།།
བློ་རིག་པའི་ཁ་ལོ་བསྒྱུར་བ་ལས།།
ལམ་མ་ནོར་ཆོས་ཀྱི་ལམ་བཟང་ཞུགས།།

དུས་ད་ནི་དགའ་འོ་ལོས་སྐྱིད་དོ།།
ད་གསོན་དང་གཟིགས་དང་ཕ་མ་ལགས།།
ནང་སེམས་ཀྱི་བདེ་དྲོད་ཇི་ལྟར་འབར།།
ཕྱི་གདོང་ལ་འཛུམ་མདངས་ག་ཚོད་རྒྱས།།

ཨ་ཇོས་གཙོས་པའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་པ་ཐོག་མ་རྣམ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཡང་ཡང་ཞུ་བ་ལགས།༠༥/༠༦/༢༠༢༢


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།