རྫ་ཚེ་རིང་བཀྲ་ཤིས།
བླ་མ་ལ་ཕྱག་འཚལ་ལོ།།
དེ་རིང་འདི་ནས་རོང་ཟོམ་ཆེན་པོ་དྲན། །
ལེགས་བཤད་གསུང་གི་ཆེ་བ་ལྷག་ཏུ་དྲན། །
རྣམ་ཐར་བསམ་མི་ཁྱབ་པའི་ཡང་དག་མཐའ། །
«ཐེག་ཆེན་ཚུལ་འཇུག་»ཐོག་མར་མཇལ་བ་ནས། །
“རོང་ཟོམ་བརྙན་འཕྲིན་”ཆེད་དུ་གཉེར་བའི་བར། །
རྒྱུ་མཚན་འདི་ཡིན་ཚིག་གིས་མཚོན་དཀའ་ཡང་། །
ཁྱེད་ཉིད་འབའ་ཞིག་སེམས་ཀྱི་ཟབ་སར་སྣང་། །
ཡངས་དོགས་བྲལ་བ་“ཤེས་བཞིན་ཆེན་པོའི་སྣོད”། །
བྲི་གང་མེད་པ་“བཏང་སྙོམས་ཆེན་པོའི་ངང་”། །
ཁྱེད་གསུང་ཚིག་གི་བདུད་རྩི་གཅིག་ཁོ་ན། །
མི་ལོ་ཉེར་ལྔར་བཏུང་ཡང་བདག་མ་ཚིམ། །
ཉོན་མོངས་རྫས་སུ་མེད་པའི་གནད་ལ་རྡེག །
སྒྱུ་མས་སྒྱུ་མ་འཇིགས་པའི་སྒྱུ་ཐབས་སྟོན། །
ཉག་གཅིག་ཐེག་ལེར་རྫོགས་པའི་ཁ་བོ་ཆེ། །
ཁྱེད་ཀྱི་མཁྱེན་རབ་དུས་མཐའི་མེ་ཆེན་ཡིན། །
གངས་རིའི་ལྗོངས་ཀྱི་སྡོམ་གསུམ་མཐར་ཐུག་པ། །
“ཐེག་མཆོག་གླང་པོ་བློ་གྲོས་སྨོན་པའི་སྟོབས”། །
«དམ་ཚིག་མདོ་རྒྱས་ཆེན་མོ»འི་གཞུང་འདི་འདྲ། །
སྤོབས་པའི་གང་ཟག་གཉིས་པ་སུ་ཞིག་མཆིས། །
རང་བྱུང་པདྨ་རྒྱལ་པོའི་ཞལ་གྱི་ཆབ། །
མན་ངག་རིན་ཆེན་«ལྟ་བའི་ཕྲེང་བ་»ཡང་། །
ཁྱེད་ཞལ་ཉི་མའི་ཟེར་གྱིས་མ་བྲན་ན། །
ཕྱི་མའི་མཐའ་འདིར་བདག་ལ་སྣང་སྲིད་དམ། །
བོད་འདིར་གསང་སྔགས་སྨྲ་བ་ཆེས་མང་ཡང་། །
རང་བྱུང་ཡེ་ཤེས་འོད་གསལ་གཉུག་མའི་ལྷ། །
དོན་དམ་ངེས་པའི་གཤིས་སུ་སྒྲུབ་པ་ལ། །
«སྣང་བ་ལྷར་བསྒྲུབ་»གསེར་འགྱུར་རྩི་ཡི་མཆོག །
འཇམ་དཔལ་དེ་བཞིན་ཉིད་ཀྱི་ངང་ཚུལ་དང་། །
དེ་ཡི་མཚན་དང་དེ་ཉིད་བརྗོད་པའི་ཚུལ། །
«རྣམ་གསུམ་བཤད་པ»འི་སྔོན་མེད་ལེགས་བཤད་ནི། །
སྨྲ་བའི་སེང་གེ་དགྱེས་པའི་རང་སྒྲར་ཤར། །
མཆོག་གསུམ་རྒྱུ་དང་འབྲས་བུའི་བྱང་ཆུབ་སེམས། །
“དེ་དབང་སྤྲུལ་བའི་འཁོར་ལོ”འི་སྒྱུ་འཕྲུལ་སྤྲིན། །
ཚུལ་བཞི་ཡན་ལག་བཅོ་ལྔས་འགྲོལ་བ་ལ། །
ཁྱེད་ནི་རྡོ་རྗེ་སེམས་དང་གཉིས་སུ་མེད། །
བདེ་མཆོག་སྒྱུ་མ་མཉམ་པར་སྦྱོར་བ་ནས། །
རྣལ་འབྱོར་རྒྱུད་དང་ཐུན་མོང་ཐུན་མིན་གཞུང་། །
བསྒྱུར་དང་བརྩམས་པས་བསྟན་པ་སྐྱོང་བ་ལ། །
ཁྱེད་ནི་མཁས་གྲུབ ཡོངས་ཀྱི་རྒྱལ་པོར་བཞེངས། །
ཚེ་ལ་དབང་འབྱོར་སྐུ་ཚེ་མཐའ་རུ་འཁྱོལ། །
ངག་ལ་དབང་འབྱོར་ལེགས་བཤད་ཐང་མར་བརྡལ། །
དགོངས་པ་དབང་འབྱོར་མཆོག་ཐུན་དངོས་གྲུབ་བརྙེས། །
གངས་རིའི་ལྗོངས་ཀྱི་སྤྲུལ་སྐུ་རོང་ཟོམ་པ། །
སྔ་འགྱུར་མེས་པོའི་བསྟན་སྲོག་ཁྱེད་ཀྱིས་བཟུང་། །
ཕྱི་འགྱུར་བུ་ཚའི་མགོ་འདྲེན་ཁྱེད་ཀྱིས་གནང་། །
མི་བརྟན་དུས་ཀྱི་ཁམས་ན་བརྟན་པ་ཅན། །
རྡོ་རིང་གནམ་གྱི་ཀ་བ་ཁྱེད་ཁོ་ན། །
ཚིག་གི་ཆ་ནས་མཁས་པ་པཎྚི་ཏ། །
དོན་གྱི་གནད་ལ་རྫོགས་པའི་སངས་རྒྱས་བཞིན། །
གངས་ཅན་འདི་ན་ཁྱོད་ལས་མཁས་པ་ཞིག །
ཕལ་ཆེར་ངེས་པར་མེད་པ་དོན་ལ་གནས། །
ཀླུ་སྒྲུབ་སྙིང་པོའི་ལྟ་བའི་ནམ་མཁའ་ནས། །
དབྱིག་གཉེན་ཞབས་ཀྱི་ཐོས་པའི་རྒྱ་མཚོའི་བར། །
རྒྱན་དྲུག་མཁས་པའི་བློ་རྩལ་ཡོད་དོ་ཅོག །
ཁྱེད་ལ་ཚང་ཞེས་བསྔགས་པ་ཤིན་ཏུ་བདེན། །
ཐམས་ཅད་མཁྱེན་པས་ཤིན་ཏུ་མཁས་པ་དང་། །
སྡོམ་གསུམ་དག་པས་ཤིན་ཏུ་བཙུན་པ་དང་། །
ཆོས་བརྒྱད་སྤངས་པས་ཤིན་ཏུ་གྲུབ་པ་སྟེ། །
ཇི་ལྟར་བསམ་པ་དེ་ལྟར་དཔག་པར་དཀའ། །
ཚེ་འདིར་རང་གི་ལས་དང་བསོད་ནམས་དང་། །
བླ་མ་རྡོ་རྗེའི་མཆེད་ཀྱི་བཀའ་དྲིན་གྱིས། །
ཁྱེད་ལ་གུས་པའི་བློ་གྲོས་ཉག་མ་གཅིག །
མཆིས་པ་འདི་ལས་བྲོད་པ་གང་ཞིག་མཆིས། །
ཁོ་བོ་ཐོག་མར་ལུ་མདོར་འབྱོར་བའི་ཉིན། །
ཁྱེད་ཀྱི་སྒྱུ་འཕྲུལ་ཆོས་དབྱིངས་ཁྱབ་བརྡལ་གྱིས། །
སྐད་ཤུགས་ཆེན་པོས་ཁྱེད་ལ་བོས་པ་ཡང་། །
དྲན་པའི་རྡོ་ལ་བརྐོས་པའི་རི་མོར་གདའ། །
སླར་ཡང་བྱང་ཆུབ་སྙིང་པོ་མ་ཐོབ་བར། །
ཁྱེད་ཀྱི་རྣམ་པར་ཐར་པའི་རྗེས་ཞུགས་ནས། །
ཁྱེད་ཀྱི་གསུང་གི་འོད་དང་མི་འབྲལ་བཞིན། །
ཁྱེད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །
དཔལ་རོང་ཟོམ་ཆེན་པོའི་རྣམ་ཐར་དང་གསུང་གི་ཆ་ཤས་འགའ་ཞིག་ལས་བརྩམས་པའི་དྲན་གདུང་གི་བསྟོད་པ་ཉུང་ངུ་འདིའང་། དཔལ་རོང་ཟོམ་ཆེན་པོ་ལ་དད་ཅིང་གུས་པའི་བློ་ཅན་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༢ ཕྱི་དྲོ་འཕྲལ་བྲིས་སོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།