མཁས་དབང་སློབ་དཔོན་ཀརྨ་ཕུན་ཚོགས།
![]() |
| ཚད་མ་རིག་པའི་ཐེམ་སྐས་ཀྱི་རྩོམ་པ་པོ་དང་། ཨེ་ཤི་ཡའི་ནོ་སྦེལ་གཟེངས་རྟགས་ (Ramon Magsaysay Award) བཞེས་མཁན་མཁས་དབང་སློབ་དཔོན་ཀརྨ་ཕུན་ཚོགས་མཆོག་༸སྐྱབས་རྗེ་མཁན་ཆེན་པདྨ་ཤེས་རབ་མཆོག་གི་སྐུ་མདུན་དུ་བཅར་སྐབས། |
ས་གསུམ་བླ་མ་མང་མོད་ཀྱི། །
གསུམ་ཚན་ཚང་བ་ཁྱེད་འདྲ་དཀོན། །
ཐོས་བསམ་སྒོམ་གསུམ་ཁྱེད་ཀྱིས་མཛད། །
མཁས་བཙུན་བཟང་གསུམ་ཁྱེད་ལ་ཚང་། །
བཤད་སྒྲུབ་ལས་གསུམ་ཁྱེད་ཀྱིས་སྤེལ། །
གཞི་གསུམ་ཆོ་གར་ཁྱེད་ཉིད་མཆོག །
ཚིགས་གསུམ་མཁན་པོ་ཁྱེད་འདྲ་མེད། །
སྡེ་སྣོད་གསུམ་པོ་ཁྱེད་ཀྱིས་འཛིན། །
བསླབ་པ་གསུམ་པོ་ཁྱེད་ལ་ལྡན། །
འཁོར་གསུམ་ཆོས་འཁོར་ཁྱེད་ཀྱིས་བསྐོར། །
རིགས་གསུམ་གདུལ་བྱ་ཁྱེད་ཀྱིས་འདྲེན། །
སྦྱིན་པ་རྣམ་གསུམ་ཁྱེད་ཀྱིས་སྦྱིན། །
ཚུལ་ཁྲིམས་གསུམ་པོ་ཁྱེད་ཀྱིས་སྲུང་། །
བཟོད་པ་གསུམ་པོ་ཁྱེད་ཀྱིས་བསྒོམ། །
བརྩོན་འགྲུས་གསུམ་པོ་ཁྱེད་ཀྱིས་བརྩམས། །
བསམ་གཏན་གསུམ་ལ་ཁྱེད་ཉིད་གནས། །
ཤེས་རབ་རྣམ་གསུམ་ཁྱེད་ལ་མངའ། །
དེ་ཉིད་གསུམ་པོ་ཁྱེད་ཀྱིས་རྟོགས། །
ལྟ་སྒོམ་སྤྱོད་གསུམ་ཁྱེད་ཉིད་བཟང་། །
སྡོམ་པ་གསུམ་པོ་ཁྱེད་ཉིད་བཙུན། །
ཏིང་འཛིན་རྣམ་གསུམ་ཁྱེད་ཉིད་བརྟན། །
ཕྱི་རྒྱུད་གསུམ་པོ་ཁྱེད་ཀྱིས་མཁྱེན། །
ནང་རྒྱུད་གསུམ་པོ་ཁྱེད་ཀྱིས་སྐྱོང་། །
རྒྱུད་གསུམ་དགོངས་པ་ཁྱེད་ཀྱིས་བརྙེས། །
བརྒྱུད་པ་གསུམ་ལྡན་ཁྱེད་ཉིད་ལགས། །
བཀའ་གཏེར་དག་གསུམ་འཛིན་པའི་དཔལ། །
རོང་ཀློང་འཇུ་གསུམ་བརྒྱུད་འཛིན་ཁྱེད། །
སྡེ་གསུམ་བསྟན་པའི་སྙིང་པོ་དེ། །
འཛིན་སྐྱོང་སྤེལ་གསུམ་ཁྱེད་ཀྱིས་མཛད། །
སྐོར་གསུམ་བླ་མེད་དང་བཅས་པའི། །
དབང་ལུང་ཁྲིད་གསུམ་ཁྱེད་ཀྱིས་སྤེལ། །
མཁྱེན་བརྩེ་ནུས་གསུམ་ཁྱེད་ཀྱི་གཤིས། །
གསང་གསུམ་ཡོན་ཏན་ཁྱེད་ལ་རྫོགས། །
སྲིད་གསུམ་འདམ་དུ་བཞུགས་མོད་ཀྱང་། །
སྒོ་གསུམ་པདྨ་ཁྱེད་ཉིད་གཙང་། །
ཚུལ་གསུམ་རིགས་པའི་འོད་སྟོང་བཅས། །
རྣམ་ཐར་གསུམ་གྱི་ཤེས་རབ་གསལ། །
རང་གཞན་བར་གསུམ་ཕྱོགས་རིས་མེད། །
ཕྱི་ནང་གསང་གསུམ་ཁྱེད་ལ་མེད། །
ཐོག་མཐའ་བར་གསུམ་མཛད་སྤྱོད་ཀུན། །
དགེ་བ་གསུམ་གྱི་རང་བཞིན་ཅན། །
མཆོག་གསུམ་རྒྱལ་ཚབ་ཁྱེད་ཉིད་འོས། །
རྩ་གསུམ་མགྲིན་ཚབ་ཁྱེད་ཉིད་ལེགས། །
སྲིད་གསུམ་བླ་མར་ཁྱེད་ཉིད་བཟང་། །
ཁམས་གསུམ་རྒྱན་དུ་ཁྱེད་ཉིད་མཛེས། །
དད་པ་གསུམ་གྱིས་ཁྱེད་བསྟེན་ནས། །
ལུས་ངག་ཡིད་གསུམ་ཁྱེད་ལ་འདུད། །
མཉེས་པ་གསུམ་གྱིས་ཁྱེད་མཉེས་ཏེ། །
འདི་ཕྱི་བར་གསུམ་མགོན་དུ་བསྙེན། །
བཅུ་ཕྲག་གསུམ་ལོ་གསུམ་གྱུར་ཀྱང་། །
གསང་གསུམ་རྒ་བའི་སྐྱོན་སྤངས་པ། །
རིན་ཆེན་གསུམ་གྱི་གདུང་འཛིན་ཁྱོད། །
འཇིག་རྟེན་གསུམ་གྱི་དཔལ་མགོན་དུ། །
ཚེ་ལྷ་གསུམ་གྱི་མཐུ་ཐོབ་ནས། །
དུས་གསུམ་འཕོ་འགྱུར་དང་བྲལ་བར། །
རྡོ་རྗེ་གསུམ་གྱི་ངོ་བོ་རུ། །
ཁམས་གསུམ་སྲིད་དུ་བཞུགས་གྱུར་ཅིག། །།
ཅེས་ཤིང་སྦྲུལ་ཟླ་བ་ ༢ པའི་ཚེས་ ༡༦ ལ་བོ་དྷི་རྩེའི་ཆོས་མཛོད་ཁང་དུ་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་པདྨ་པྲཛྙཱ་མཆོག་དངོས་སུ་མཇལ་མཐར་ཀརྨ་སཾ་པནྣ་མིང་པས་སྨོན་པའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།