རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 31 January 2025

བཅོས་མའི་རིག་ནུས་ཀྱི་རྦ་རླབས།

གླིང་ཚང་ཕྲིན་ལས་མཐར་ཕྱིན། 


དུས་ཚོད་ནི་ཆུ་རྒྱུན་དྲག་པོ་ཞིག་དང་འདྲ་བར་མཚམས་མི་ཆད་པར་བཞུར་འགྲོ་ཞིང་། མིའི་རིགས་ཀྱི་བསམ་བློའི་འགྱུར་འགྲོས་ཀྱང་ཆུ་བོའི་རྒྱུན་ལྟར་འཕེལ་འགྲིབ་ཀྱི་གཤིས་སུ་གྲུབ། དུས་རབས་གསར་པའམ་རྡ་འཕྲིན་གྱི་དུས་རབས། འབོད་ཚུལ་གཞན་ཞིག་བྱས་ན་འཕྲུལ་ལས་འཕེལ་རྒྱས་ཀྱི་དུས་རབས་ཀྱང་། ང་ཚོའི་སྔུན་སོ་ནས་ཆུ་བོའི་རྒྱུན་ལྟར་བཞུར་བཞིན་པ་འདི་རེད། དེ་ནི་མིའི་རིག་རྩལ་དང་དུས་ཀྱིས་བཀོད་སྒྲིག་བྱས་པའི་འཇིག་རྟེན་གསར་པ་ཞིག་ཡིན་པར་ངོས་འཛིན་མ་བྱས་རང་བྱས་རེད། ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ནི་ང་ཚོ་ཡང་འཇིག་རྟེན་འདིའི་ནང་དུ་མཉམ་ཞུགས་མ་བྱས་པར་གཟུར་ས་མེད་པ་དེ་ཡིན། དེ་བས་ང་ཚོས་དོ་སྣང་དང་རྒྱུན་ཤེས་དགོས་རྒྱུར་གལ་གནད་ཆེ་བ་མ་ཟད། རབ་ན་ཁོང་ཚོ་དང་དཔུང་པ་མཉམ་གཤིབས་ཀྱིས་མདུན་ནས་མདུན་དུ་སྐྱོད་དགོས་ཤིང་། དེ་ལྟར་མ་བྱུང་ན་གཞན་གྱིས་བསྐྲུན་ཟིན་པའི་དཔལ་ཡོན་ལ་ལོངས་སུ་སྤྱོད་དགོས་རྒྱུ་ནི་མ་མཐའི་ཚད་གཞི་ཞིག་མ་ཡིན་ནམ། འགྲོ་བ་མིའི་རྣམ་དཔྱོད་ཀྱི་རྩལ་ལ་འགྲན་ནུས་ཤིང་། ཤེས་བྱ་ཡོད་ཚད་ལག་མཐིལ་དུ་བཞག་པའི་སྐྱུ་རུ་ར་རློན་པ་ཇི་བཞིན་གྱུར་པའི་བཅོས་མའི་རིག་ནུས་ཀྱི་རྦ་རླབས་ནི། ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དང་ཁྱབ་རྒྱ་ཇེ་ཆེར་གྱུར། དེ་མཚུངས་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཁག་གི་བར་ལའང་ག་ལེར་བཅོས་མའི་རིག་ནུས་ཀྱི་འགྲན་རྩོད་ཆེན་པོ་ཞིག་འགོ་ཚུགས།
     དེས་ན་ངས་དེ་རིང་ཁྱོད་ལ་བཅོས་མའི་རིག་ནུས་སྐོར་ལ་འགྲེལ་བཤད་ཅིག་ཞུ། ཐ་སྙད་བྱུང་ཚུལ།  སྤྱི་ལོ་ ༡༩༥༦ ལོར་ཨ་རིའི་ཚན་རིག་པ་ཇོན་མ་ཀར་ཐེ་(John McCarthy)ཡིས་བཅོས་མའི་རིག་ནུས་(Artificial Intelligence)ཞེས་ཐ་སྙད་ཐོག་མར་བཏགས། དབྱིན་ཡིག་ལས་བོད་ཡིག་ཏུ་སྒྱུར་སྐབས། རྩོལ་བྱུང་རིག་ནུས། མིས་བཟོས་རིག་ནུས། བཅོས་མའི་རིག་ནུས་སོགས་བསྒྱུར་ཚུལ་མི་འདྲ་བ་ཁག་ཅིག་འདུག་ནའང་། བཅོས་མའི་རིག་ནུས་ཞེས་བསྒྱུར་ན་འབོད་བདེ་བ་དང་དོན་ཚང་བ། ད་དུང་སྟབས་བདེས་བོས་ན་བཅོས་རིག་ཅེས་འབོད་ཆོག་པའི་ཁྱད་ཆོས་ལྡན་ཡོད། དབྱིན་ཡིག་ནང་ལའང་ནམ་རྒྱུན་སྟབས་བདེས་(AI)ཞེས་འབོད་ཀྱིན་པ་དེ་རེད། 

བཅོས་མའི་རིག་ནུས་ཀྱི་འཕེལ་རིམ།
སྤྱི་ལོ་ ༡༩༥༠ ཙམ་ལ་དབྱིན་ཇིའི་ཚན་རིག་པ་ཨེ་ལན་ཏྲུ་རིང་(Alan Turing)གིས་འཕྲུལ་འཁོར་གྱིས་བསམ་བློ་གཏོང་ཐུབ་མིན་གྱི་གྲོས་འགོ་བཏོན། ཁོང་གིས་ཏྲུ་རིང་ཚོད་ལྟ་(Turing Test)ཞེས་པའི་དཔྱད་གཞི་བཟོས་ཤིང་། དེ་ནི་མིའི་རིག་པ་ལྟར་འཕྲུལ་འཁོར་གྱིས་བསམ་བློ་གཏོང་ཐུབ་མིན་ལྟ་བའི་ཐབས་ལམ་ཞིག་ཡིན། སྤྱི་ལོ་ ༡༩༦༠-༡༩༧༠ ནང་དུ་འཁྲུལ་འཁོར་གྱིས་རྩིས་རྒྱག་པ་དང་། ཡི་གེ་ངོས་འཛིན། སྐད་ཆ་ཉན་པ་སོགས་ཀྱི་འགོ་ཚུགས། ༡༩༨༠-༡༩༩༠ ནང་དབང་རྩའི་དྲ་བ་དང་འབྲེལ་བའི་ཉམས་ཞིབ་མང་པོ་བྱས། ༡༩༩༧ ཨཡེ་བྷེས་ཨེམ་(IBM)ཚོང་ལས་ཁང་གིས་བཟོས་པའི་གཏིང་སྔོན་(Deep Blue)གྱིས་འཛམ་གླིང་མིག་མང་རྩེད་འགྲན་པ་ཨང་དང་པོར་གྲགས་པ་གྷེ་རི་ཀ་སི་པ་རོ་ཝུ་(Garry Kasparov)ཕམ་པར་བཏང་། འདི་ནི་བཅོས་རིག་གི་འཕེལ་རྒྱས་ཁྲོད་གལ་ཆེ་བའི་ལོ་རྒྱུས་ཤིག་ཏུ་གྱུར། ༢༠༡༠ ལོར་གཏིང་ཟབ་སློབ་སྦྱོང་(Deep Learning)བརྒྱུད་གྷོ་གྷུལ་ཡིག་བསྒྱུར་(Google Translate)དང་། སི་རི།(Siri) རང་འགུལ་འགྲུལ་འཁོར་(Autonomous Vehicles) སོགས་བྱུང་། དེང་སྐབས་ཧ་ཅང་གྲགས་ཆེ་བའི་བཅོས་མའི་རིག་ནུས་ཁ་ཤས་ཡོད་པ་ལས། 
     ༡༽ དང་པོ་སྒོ་འབྱེད་བཅོས་རིག་(OpenAI)ཚོང་ལས་ཁང་གིས་བཟོས་པའི་གླེང་མོལ་ཇི་པེས་ཏྲི་(ChatGPT)ཞེས་པ་དེ་ཡིན། སྒོ་འབྱེད་བཅོས་རིག་གི་ཚོགས་པ་དེ་ནི་སྤྱི་ལོ་ ༢༠༡༥ ལོར་འགན་འཛིན་གཙོ་བོ་སམ་ཨལ་ཊི་མན་(Sam Altman)དང་། མ་དངུལ་གཙོ་འདོན་པ་ཨེ་ལོན་མ་སི་ཁི་(Elon Musk)སོགས་མི་ཁ་ཤས་མཉམ་རུབ་ཀྱིས་བཙུགས་ཤིང་། དམིགས་ཡུལ་གཙོ་བོ་མིའི་རིགས་ལ་ཕན་པའི་བཅོས་རིག་ཡར་རྒྱས་གཏང་རྒྱུ་དང་། བཅོས་རིག་གི་ཉེན་ཁ་སྔོན་འགོག བཅོས་རིག་གི་ཤེས་བྱ་མང་ཚོགས་སུ་ཁྱབ་སྤེལ་བྱ་རྒྱུ་བཅས་རེད། སྒོ་འབྱེད་བཅོས་རིག་ཚོང་ལས་ཁང་གིས་ ༢༠༢༠ ལོར་ (GPT-3)དང་། ༢༠༢༡ ལོར་(Dall-E) ༢༠༢༢ ལོར་ (ChatGPT) ༢༠༢༣ ལོར་(GPT-4)བཅས། རིམ་པས་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་བཏང་། སྤྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༣༠ ཉིན་མང་ཚོགས་ལ་ངོ་སྤྲོད་བྱས་པའི་གླེང་མོ་ཇི་བྷི་ཏྲི་ལྟ་བུར་མཚོན་ན། ཡིག་ལམ་ནས་དྲི་བ་དྲིས་ལན། པར་རིས་བཟོ་བཀོད། ངག་ཐོག་ནས་མི་དང་མི་ཐུག་པ་ཇི་བཞིན་སྐད་རིགས་སྣ་ཚོགས་ཀྱི་སྒོ་ནས་གླེང་མོལ་བྱེད་ཆོག་པ་སོགས་ཁྱད་ཆོས་སྣ་མང་ལྡན་པ་ཞིག་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བོད་ཡིག་དང་བོད་སྐད་ཀྱི་གོམ་ཁ་ད་དུང་དེའི་ནང་བརྒྱབ་ཐུབ་མེད། 
     ༢༽ གཉིས་པ་ཁི་ལོ་ཌི་(Claude)ལ་ཡིག་རིགས་སྣ་མང་གི་ནུས་པ་ལྡན་ཞིང་། ད་ལྟའི་བར་བོད་ཡིག་གི་ཆ་རྐྱེན་ཡག་ཤོས་ཤིག་ཡིན། བཅོས་རིག་མཉེན་ཆས་འདིས་བརྡ་དག་ཐ་སྙད་མ་ནོར་བར་ཕན་ཚུན་ཡིག་བསྒྱུར་བཟོ་ཐུབ་པ་མ་ཟད། གནད་དོན་མང་པོ་ཞིག་ལ་ལན་ཡང་རྒྱག་ཐུབ། ད་དུང་པར་རིས་བཟོ་བཀོད་མི་ཐུབ་ཀྱང་པར་རིས་ནང་དོན་ལ་འགྲེལ་བཤད་ཡིད་དུ་འོང་བ་རེ་རྒྱག་འོང་། རྩོམ་ཡིག་འབྲི་བ་དང་ལན་འདེབས་སོགས་གླེང་མོལ་ཇི་པེས་ཏྲི་དང་མཚུངས་ཀྱང་འདིར་ངག་ཐོག་ནས་གླེང་མོལ་བྱེད་ས་མེད། སྔར་སྒོ་འབྱེད་བཅོས་རིག་ཚོང་ལས་ཁང་དུ་ལས་ཀ་བྱེད་མྱོང་བའི་ཚན་རིག་པ་ཁག་ཅིག་གིས། སྤྱི་ལོ་ ༢༠༢༡ ལོར་གསར་འཛུགས་བྱས་པའི་ཨན་ཐི་རོ་པིག་(Anthropic)བཟོ་ལས་ཁང་གིས་བཅོས་རིག་མཉེན་ཆས་འདི་བཟོས་ཤིང་།  ༢༠༢༢ ལོའི་ལོ་མཇུག་ཙམ་ལ་ཐོག་མར་མི་མང་ལ་ངོ་སྤྲོད་བྱས། འདི་ལ་མ་ལག་གསུམ་ཙམ་ཡོད་ཅིང་། ད་ལྟའི་ཡོངས་གྲགས་སུ་བེད་སྤྱོད་གཏོང་བཞིན་པའི་ཁི་ལོ་ཌི་ཚད་མཐོ་ཤོས་(Claude 3.5 Sonnet)དེ་སྤྱི་ལོ་ ༢༠༢༤ ལོའི་ལོ་འགོར་སྤྱི་ཚོགས་སུ་བསྐྲུན། 
    ༣༽ གསུམ་པ་གྷོ་གྷུལ་ཚོང་ལས་ཁང་གིས་སྤྱི་ལོ་ ༢༠༢༣ ཟླ་བ་ ༡༢ པའི་ནང་ངོ་སྤྲོད་བྱས་པའི་འཁྲིག་ཁྱིམ་(Gemini)ཞེས་པའི་བཅོས་རིག་མཉེན་ཆས་ཀྱང་། བྱེད་ནུས་ཕལ་ཆེ་བ་གླེང་མོལ་ཇི་པེས་ཏྲི་དང་མཚུངས་ཀྱང་དེ་ལས་སྤུས་ཚད་ཅུང་ཞན་པ་ཡོད། ད་ལྟའི་ཆར་པར་རིས་ལ་འགྲེལ་བཤད་ཐུབ་པ་ཙམ་ལས་པར་རིས་གསར་བཟོ་བྱེད་མི་ཐུབ། འདི་ལའང་ནུས་པ་ཆེ་འབྲིང་ཆུང་གསུམ་ཡོད་པའི་ནང་ནས་ཁ་པར་ནང་བེད་སྤྱོད་ཐུབ་པ་ནི་ནུས་པ་ཆུང་ཤོས་དེ་ཡིན། མཉེན་ཆས་འདིས་གླེང་མོལ་ཇི་བྷི་ཏྲི་དང་ཁི་ལོ་ཌི་ལ་འགྲན་བསྡུར་བྱེད་ཀྱིན་ཡོད་ལ། ཁྱད་ཆོས་ཀྱང་སྐད་ཡིག་མང་པོ་བེད་སྤྱོད་ཐུབ་པ། པར་རིས་དང་བརྙན་པར་ངོས་འཛིན་ཐུབ་པ། རྩིས་རིག་དང་ཚན་རིག་གི་དཀའ་གནད་སེལ་ཐུབ་པ། རྩོམ་འབྲི་དང་ལས་འཆར་འབྲི་ཐུབ་པ་བཅས་ཡིན། 
     ༤༽ བཞི་པ་ཞིབ་འཚོལ་བཅོས་རིག་(DeepSeek)ནི་ཉེ་ཆར་སྤྱི་ཚོགས་སུ་བསྐྲུན་པ་ཞིག་ཡིན་ལ། འདི་ནི་རྒྱ་མི་ལེང་ཝིན་ཧྤིན་(Liang Winfeng 梁文锋)གྱིས་གཙོ་བོར་བཟོས་ཤིང་། བྱེད་ལས་ཕལ་ཆེར་བཅོས་རིག་གཞན་དང་མཚུངས། འོན་ཀྱང་ཡོད་ཚད་དྲང་པོར་བཤད་ཐུབ་པའི་བཅོས་རིག་སྙིང་སྟོབས་ཅན་དུ་ད་དུང་གྱུར་མེད། སྤྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༧ ཉིན་ལ་ཨ་རིའི་གློག་རྡུལ་ཁྲོམ་རར་ཕབ་ལེན་བྱས་པ་གྲངས་མང་ཤོས་ཀྱི་མཉེན་ཆས་དེ་གྱུར། ངག་ཐོག་གླེང་མོལ་བྱེད་མི་ཐུབ་པ་དང་། མྱུར་ཚད་ཞན་པ་སོགས་ད་དུང་ཚད་ལོན་པ་ཞིག་ཆགས་མེད། ཡིན་ནའང་བོད་ཡིག་གི་ཆ་རྐྱེན་མི་དམན་པ་ཙམ་ཡོད། མཉེན་ཆས་འདིས་སྟོབས་ཆེན་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་མན་ཆད་ཟིང་ཟིང་ལོང་ལོང་དུ་བཏང་། བཅོས་རིག་མཉེན་ཆས་ཆེ་མ་ཆུང་གསུམ་མང་བས་རེ་རེ་ནས་བགྲང་དུ་མི་བཏུབ་ཀྱང་། ང་རང་ཉིད་ཀྱིས་དངོས་སུ་བེད་སྤྱོད་བཏང་མྱོང་ཞིང་གྲགས་ཆེ་ཤོས་དང་དར་ཁྱབ་ཆེ་ཤོས་ཀྱི་བཅོས་རིག་མཉེན་ཆས་ནི་དེ་དག་ཡིན། 

བཅོས་རིག་གི་སྐྱོན་ཡོན།
     རེ་དོགས་གཉིས་ཀྱིས་བཅོས་རིག་ལ་ལྟ་ཚུལ་མི་འདྲ་བ་གཉིས་སུ་གྱེས། བཟང་ཕྱོགས་ནས་མི་མང་པོ་ཞིག་གིས་བཅོས་རིག་ལ་རེ་བ་ཆེན་པོ་འཆང་བཞིན་ཡོད། དེ་ནི་བཅོས་རིག་གིས་མི་ཚེའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པའི་རེ་བ་བྱེད་པ། དཔེར་ན་སྨན་བཅོས་དང་ཤེས་ཡོན་ཡར་རྒྱས། འཇིག་རྟེན་གསར་རྙེད་སོགས་ལ་བཅོས་རིག་གིས་ཕན་ཐོགས་པར་རེ་བཞིན་ཡོད། འོན་ཀྱང་དཔྱོད་ལྡན་མང་པོ་ཞིག་གིས་བཅོས་རིག་གིས་འགྲོ་བ་མིའི་གོ་སྐབས་ཡོད་ཚད་འཕྲོག་སྲིད་པ་དང་། མིའི་སྤྱི་ཚོགས་ལ་གཏོར་སྐྱོན་ཚབས་ཆེན་གཏོང་སྲིད་པ་སོགས་ཀྱི་དོགས་པ་སྣ་ཚོགས་བྱེད་བཞིན་ཡོད། གང་ལྟར་དངོས་པོ་གང་ཞིག་ཡིན་ཡང་ལེགས་ཉེས་ཀྱི་ཆ་གཉིས་གླེང་ཆོག་པ་ཆོས་ཉིད་ལྟ་བུ་ཡིན་པས་ངོ་མཚར་རྒྱུ་ཆེར་མེད། བཅོས་རིག་དང་ཕན་ཚུན་ཡི་གེ་འབྲི་རེས་དང་གླེང་མོལ་བྱེད་སྐབས། མཚམས་མཚམས་སུ་མི་དང་དངོས་སུ་གླེང་མོལ་བྱེད་པ་ལྟ་བུའི་ཚོར་སྣང་སྟེར་འོངས་པས། ད་ནི་ཅི་ཡང་སྲིད་ཅིང་ཅི་ཡང་ཡོང་ཆོག་ཅེས་བཤད་པ་ལས། འདི་མི་སྲིད་དང་འདི་ཡོང་མི་ཆོག་སེམས་པའི་བསམ་བློ་དེ་དབྱིངས་སུ་དེངས་སོང་ངོ་། །དབུ་མའི་རིགས་པས་ཡང་ཡང་བརྟགས་ཤིང་དཔྱད་དེ་བདེན་མེད་ཡིན་པའི་སྟོབས་ཀྱིས་ཅི་ཡང་ཡོད་ཆོག་པ་དང་། ཅི་ཡང་ཡོད་པའི་སྟོབས་ཀྱི་བདེན་མེད་དུ་བསྒྲུབས་པ་ནི་གནད་དུ་སྨིན་པའི་རིགས་པ་ཞིག་ཏུ་འཁུམས། 

     བཅོས་རིག་གི་རྦ་རླབས་ཕྱོགས་ཡོངས་ནས་གཡོ་བཞིན་པའི་སྐབས་སུ། རིགས་རུས་གཅིག་པའི་སྤུན་མཆེད་མང་པོ་ཞིག་ད་དུང་ཁུ་སིམ་ངང་གཉིད་དུ་ཡུར་གྱིན་མེད་ན་སྙམ་པའི་ཚོར་ཤེས་སྟོབས་ཆེན་ཞིག་གིས་བསྐུལ་བར་བརྟེན། བཅོས་རིག་གི་སྐོར་རྒྱུན་ཤེས་དང་སྦྲགས་བསམ་ཚུལ་ཐུང་ངུ་འདི་བྲིས་པའི་ཁུར་ལེན་པ་པོ་ནི། ངེས་མེད་ཀྱི་ཡུལ་གྲུར་འགྲིམ་བཞིན་པའི་འཁྱམ་པོ་གླིང་ཚང་ཕྲིན་ལས་མཐར་ཕྱིན་གྱིས། སྤྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༣༡ ཉིན་མཇུག་གྲུབ་པར་བྱས་སོ།།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།