རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 3 July 2025

“འོར་ཆེ་”ཞེས་པའི་བརྡ་ཆད་ཀྱི་སྐོར་ལ་དཔྱད་པ།

རྩོམ་པ་པོ། འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།


མིང་ཚིག་གཙོ་བོ། ཧི་མ་ལ་ཡའི་བོད་རིགས། དོལ་པོ། བརྡ་རྙིང་།
འོར་ཆེ། སྐུ་མཁྱེན། ཐུགས་རྗེ་ཆེ། ཤ་འབེ་འཇུ། ཨོག་མ་འཇུ། ཨ་འཇུ།

འགོ་ཡི་ངོ་སྤྲོད་ཚིག་གསུམ།
བལ་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི། ཧི་མ་ལ་ཡའི་བོད་རིགས་དག་གི་གནས་ཡུལ་ཕལ་ཆེ་བ་ནི། བགྲོད་པར་དཀའ་བའི་ཡུལ་ཁམས་ཏེ། ལ་ཆེན་གྱི་སུལ་དང་ལུང་རིང་གི་མཐིལ་དུ་ཆགས་ཡོད། དེས་ན་ཡུལ་གྲུ་དེ་དག་གནའ་བོའི་དུས་ནས་བཟུང་། ཕྱི་རོལ་གྱི་ཡུལ་ལུང་གཞན་དང་འབྲེལ་འདྲིས་དེ་ཙམ་མེད་པར་ཁེར་ལོགས་སུ་ལྷག ཁེར་ལུས་དེ་ལ་བརྟེན་ནས་ཡུལ་ཕྱོགས་དེ་དག་གི་ཁ་སྐད་ལ། སྐད་རིགས་གཞན་གྱི་ཤུགས་རྐྱེན་ཡང་དེ་ཙམ་མ་ཐེབས་པས། རང་སྐད་རྣམས་འགྱུར་བ་མེད་པར། སྔར་ལུགས་ཀྱི་རང་འགྲོས་སུ་གནས་ཡོད་པ་ནི་སྨོས་ཅི་དགོས། དེ་བས་ཡུལ་སྐད་དེ་དག་ནང་གི་མིང་ཚིག་ཕལ་མོ་ཆེ་རྣམས་བརྡ་རྙིང་རང་དུ་མཆིས།

     ཡུལ་ལུང་དེ་དག་ལས་དོལ་པོ་ནི། ཆོས་དང་རིག་གཞུང་། སྐད་ཡིག་དང་ལོ་རྒྱུས་སོགས་ཀུན་ནས་ཕྱུག་པའི་ས་གནས་ཤིག་ཡིན། དེར་གནས་པ་དག་ལ་རང་སྐད་དུ་“དོལ་བ་”ཞེས་སུ་འབོད་ཅིང་། རང་སྐད་དེ་ལ་“དོལ་པོའི་ལབ་”ཅེས་སུ་འབོད། དོལ་པོ་པ་དག་གི་འཆར་ཅན་ཉིན་རེའི་འཚོ་བའི་ཐོག་གི་གླེང་མོལ་ནང་། བོད་སྐད་ཀྱི་བརྡ་ཆད་དམིགས་བསལ་མང་པོ་ཞིག་མངོན་བཞིན་ཡོད་པས། འདིར་རྒྱུན་གཏན་གྱི་ཁ་བརྡ་ལྟ་བུའི་གཏམ་གླེང་ཐུང་ངུ་ཞིག་དཔེ་རུ་བཀོད་ན་འདི་ལྟར་ཏེ།
ཀ་པ།: “ཁྱེད་ཉོད་པ་བཟས་པས།”
ཁ་པ།: “འཛར་ར་ཅུང་མ་ལས་ཅང་མ་བཟས།”
ཀ་པ།: “འོ་ན། དོ་འདས་ཉོད་པ་བཟའ་རུ་ཉིའི་ཁྱིམ་ལེ་ཤོག ཉེད་ལེ་རོང་ནས་མགོག་ག་འཁྱོས་མར་འབྱོར་བྱུང་། འོ་རང་ཟན་གཡོའོ།།”
ཁ་པ།: “འོ་་་འོར་ཆེ།”

     གཏམ་གླེང་འདིར་སྤྱད་པའི་བརྡ་ཆད་“ཉོད་པ་”ནི་‘ཁ་ལག་’དང་། “འཛར་ར་”ནི་‘ཟས་ཐུན་ཞིག’ “ཅུང་མ་”ནི་‘ཅུང་ཟད།’ “ཅང་”ནི་‘གང་ཡང་།’ “འཁྱོས་མ་”ནི་‘བརྔན་པ།’ “ཟན་”ནི་‘ཟས་ཤིག’ “གཡོ་”ནི་‘ཟས་བཟོ་ལུགས་ཤིག’ “འོར་ཆེ་”ནི་‘བཀའ་དྲིན་ཆེ་’ ཞེས་པའི་དོན་ཡིན་པས། དེ་དག་བརྡ་རྙིང་ཡིན་པའི་སྒྲུབ་བྱེད་ནི། བདག་གིས་བརྩམས་པའི་«དོལ་པོའི་ཁ་སྐད་ནང་གི་བོད་ཀྱི་བརྡ་རྙིང་།» ཞེས་པའི་ནང་དུ་ཁུངས་ལུང་རྒྱས་པར་བཀོད་ཡོད་སྟབས། དེར་གཟིགས་པར་མཛོད།

     གོང་གསལ་གྱི་བརྡ་ཆད་རྣམས་ནི། ནམ་རྒྱུན་དོལ་པོའི་ཁ་སྐད་ནང་། སྤྱིར་བཏང་གིས་སྤྱོད་པའི་མིང་ཚིག་འགའ་ཞིག་ཡིན་མོད་ཀྱང་། མིང་ཚིག་དེ་དག་ལྷ་ས་ཡིས་གཙོས་པའི། བོད་ཡུལ་བྱིངས་ཀྱི་ཁ་སྐད་ནང་དེ་ཙམ་བཀོལ་བ་ཉུང་། འོན་ཀྱང་དེ་དག་རྣམས་བཀའ་བསྟན་གྱིས་གཙོས་པའི། གནའ་བོའི་གསུང་རབ་ཁག་ཏུ་མངོན་བཞིན་ཡོད་སྟབས། དེ་དག་ལ་དེང་སྐབས་བརྡ་རྙིང་ཞེས་སུ་འབོད། དེ་དག་དང་མཚུངས་པར་དོལ་པོའི་ཁ་སྐད་ནང་། བརྡ་རྙིང་གཞན་ཡང་དུ་མར་མངོན་པས། དེའི་སྐོར་ལ་རྒྱས་པར་བདག་གིས་སྒྲིག་བཞིན་པའི། དོལ་པོའི་མིང་མཛོད་ནང་དུ་གླེང་ངེས་ཡིན་པས། ད་ཐེངས་འདི་ཙམ་གྱིས་འཐུས་གོ་ཆོད་པར་བྱས་ཏེ། འདིར་ད་ལམ་དམིགས་ཀྱིས་བཀར་ནས། ཧི་མ་ལ་ཡའི་བོད་རིགས་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད། རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་བརྡ་ཆད་“འོར་ཆེ་” ཞེས་པ་ལ་ཅུང་ཟད་རྒྱས་པར་དཔྱད་ཞིབ་སྤེལ་བར་བྱའོ།།

“འོར་ཆེ་”ཞེས་པར་དངོས་སུ་དཔྱད་པ།
ཧི་མ་ལ་ཡའི་བོད་རིགས་ནང་། ད་ལྟའང་“འོར་ཆེ་”ཞེས་པ་འདི་ཉིད་ཡང་ཡང་བཀོལ་མཁན་ནི། སྤི་ཏི་དང་། ཁུ་ནུ་སྟོད། གླེ་མི། འོམ་གློ། མུ་ཁུམ། སྐར་མ་རོང་། དོལ་པོ། གློ་བོ། ཁྲི་ཐགས་པ། སྙི་ཤང་། བཙུམ། ནུབ་རི། ཡོལ་མོ། ཤར་པ་སོགས་ཀྱི་བོད་རིགས་རྣམས་རེད། དེས་ན་འདིར་ཁོ་བོས་“འོར་ཆེ་” ཞེས་པའི་བརྡ་ཆད་འདི་གསུང་རབ་ཡིག་རྙིང་གང་དུ་གསལ་རབས་དང་། དཔེ་རྙིང་རྣམས་སུ་དེ་ཉིད་རྗོད་སྟངས་ལ་ཁྱད་པར་བྱུང་ཚུལ། དེ་བཞིན་ད་ལྟ་ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱི་ཁ་སྐད་ནང་འདི་ཉིད་བཀོལ་སྟངས་ལའང་། མ་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་བཅས་ཀྱི་སྐོར་ལ། རིམ་བཞིན་གླེང་རྒྱུ་ཡིན།

དང་པོ། གསུང་རབ་ཡིག་རྙིང་ནང་གི་“འོར་ཆེ།”
འདི་ནས་ཐོག་མར་གལ་གནད་ཆེ་བ་ཡིག་ཆ་གསུམ་ཆེད་ཀྱིས་སྔོན་དུ་གླེང་ནས། དེ་མཚམས་སུ་སྐྱེས་ཆེན་དག་གི་རྣམ་ཐར་དང་། དེ་ལས་གཞན་པའི་ཡིག་ཆ་ཕྲན་ཚེགས་དག་ལས། “འོར་ཆེ་”ཞེས་པའི་བརྡ་ཆད་དེ་ཉིད། ཇི་ལྟར་མངོན་པའི་སྐོར་ལ་རིམ་གྱིས་བརྗོད་པར་བྱའོ།།

     ཡིག་ཆ་དང་པོ་ནི། ཏུན་ཧོང་གི་ཤོག་དྲིལ་ཡིག་རྙིང་སྟེ། དེའི་ནང་“འོར་ཆེ་”ཞེས་པའི་བརྡ་ཆད་གསལ་ཚུལ་ནི། དེ་ཡང་«ཕུ་ནུ་མོལ་བའི་མདོ་»ཞེས་པ་ལས། “(༢༡༦)ཕུ་ན་རེ༎ ཡོང་ནི༎ ཡ་རབས་ནི། དྲིན་གྱིས་བཀོལད། མ་རབས་ནི༎ (༢༡༧) ནན་ཐུར་གྱིས་བཀོལ་ཞེས་བྱ་མོད་གྱི༎ འཇེངས་ངན་ཀུན་ལ་ཡང། དྲིན་དང་ནན་ཐུར་མྱེད་དུ་(༢༡༨)མྱི་རུངོ༎ རྒོད་བག་ཆན་ནི༎ ནན་ཐུར་གྱིས་དྲག་དུ་བཀུག་ལ། མྱི་བྱེད་པར་ཐུབ་ན། འོར་ཆེ་(༢༡༩)ཞེས། ཚིགིས་བསྟོད་ཆིང་མྱིག་དྲངོ་༎ ངན་པ་ནི། ཆི་ལྟར་བྱ་བའི་ཐབས་བསྟན་ཆིང། (༢༢༠) ནུག་ཆིག་ཆེས། ཡིད་བསྲིང་སྟེ་གཞིན་གདབོ༎ བར་བར་ལེགས་པ་འགའ་ཞིག་བྱུང་ན་ཡང། (༢༢༡) འོར་ཆེ་ཞེས་ཚིགིས་བསྟོད་དེ༎ སེམས་གསོའ་ཞིང། ཡི་མཆད་མ་གྲམ་པར་བྱའོ༎ (༢༢༢) ནུས་པ་ཚམ་ལ༎ བྱེད་དུ་མྱི་བཐུབ་འམ༎ ཉེས་བྱེད་ན༎ ནན་ཐུར་སྐྱེད་ཆིག༎ ནུ་ན་རེ༎” ཞེས་གསལ་བ་ལྟར་རོ། །འདིར་“འོར་ཆེ་ཞེས་ཚིག་གིས་བསྟོད་” ཅེས་པ་ཚར་གཉིས་སུ་འབྱུང་ངོ་།།

    གཉིས་པ་ནི་«བཀའ་འགྱུར་»ཏེ། དེ་ཡང་འཇང་དཔར་མ་དང་། ལྷ་སའི་དཔར་མ། སྡེ་དགེ་དཔར་མ་གསུམ་གྱི་«འདུལ་བ་གཞི་»ལས་”འོར་ཆེའོ་” ཞེས་པ་ཞིག་གཅིག་མཚུངས་སུ་འབྱུང་ལ། གསུང་པོད་དེའི་ནང་སྤྱིར་བཏང་ནས་དོལ་པོའི་ཁ་སྐད་ལས་རྙེད་པའི། བརྡ་རྙིང་གི་མིང་ཚིག་གཞན་ཡང་མངོན་གྱིན་འདུག་པས། དེའི་སྐོར་རྣམས་རེབ་འདིར་མི་གླེང་བར། གཞན་ནས་རྒྱས་པར་སྤྲོ་རྒྱུ་ལགས་སོ།།

     གསུམ་པ་ནི་«སྦ་བཞེད་»ཅེས་སུ་གྲགས་པ་སྟེ། དེ་ཉིད་ལས། “འོ་ན་བློན་ཆེན་པོ་འོར་ཆེ་གསུངས་ནས་ཤྭལ་གྱེས་སོ།།” ཞེས་བྱ་བ་གསལ་བ་ལྟར་རོ། །«སྦ་བཞེད་»འདི་དང་དུས་རབས་བརྒྱད་པར་བྱོན་པའི། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་དབའ་གསལ་སྣང་གིས་མཛད་པའི། «སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའི་བཞེད་པ་བཞུགས་སོ།།» ཞེས་པའམ། ཡོངས་གྲགས་སུ་«དབའ་བཞེད་»དུ་འབོད་པའི་ཡིག་རྙིང་དེ་གཉིས་ནི། ཕྱི་མོ་གཅིག་ལས་བྱུང་བའང་ཡིན་ངེས། དེ་བཞིན་«བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ལ་ཞབས་བཏགས་པ་བཞུགས་སོ།།» ཞེས་པ་ལས། “འོ་ན་བློན་ཆེན་འོར་ཆེ་གསུང[ས]་ཤྭོལ་གྱེས།” ཞེས་ཀྱང་གོང་མཚུངས་ལྟར་འབྱུང་། ལུང་ཚིག་དེ་ནི་དཔའ་བོ་གཙུག་ལག་འཕྲེང་བ་(༡༥༠༤–༡༥༦༦)ཡིས། དུས་རབས་བཅུ་དྲུག་པའི་ནང་མཛད་པའི། «ཆོས་འབྱུང་མཁས་པའི་དགའ་སྟོན་»ལས། “འོ་ན་བློན་ཆེན་འོར་ཆེ་གསུངས།” ཞེས་སོགས་གཅིག་མཚུངས་སུ་བཀོད་ཡོད་པ་དེ་ནི། གོང་མ་དག་ལ་གཞི་བཅོལ་ནས་བྲིས་པར་རང་ཡིན་པར་ངེས།

     གཞན་ཡང་«དབའ་བཞེད་»ཀྱི་མཇུག་མཚམས་སུ་བཀོད་ཡོད་པའི། «ཟས་གཏད་ཀྱི་ལོ་རྒྱུས་»ཞེས་པ་དེ་ལས། “དབའ་མཁན་པོ་མཉྫུས་ལྷ་སྲས་ཀྱི་སྙན་དུ་འབུམ་བཤད་པ་དང་འོར་ཆེའོ་ཞེས་གསུངས་ནས། སྤྱི་བོ་ལ་བྱུགས་ཏེ་བྱ་དགའ་ཆེར་སྩལ་(བསྩལ།)” ཞེས་བྱ་བའང་གསལ། «ཟས་གཏད་ཀྱི་ལོ་རྒྱུས་»འདི་ནི། དུས་རབས་དགུ་པའི་སྨད་ཙམ་ལ་བྱུང་བར་ཡིན་ངེས། གང་ལྟར་«དབའ་བཞེད་»དང་། དེ་འབྲེལ་«ཟས་གཏད་ཀྱི་ལོ་རྒྱུས།» དེ་བཞིན་«སྦ་བཞེད་»དང་«སྦ་བཞེད་ཞབས་བཏགས་མ་»སོགས་ནི། ད་སྐབས་དེང་རབས་ཞིབ་འཇུག་པ་དག་གིས། ཆེས་ཡིད་རྟོན་རུང་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྙིང་ཤོས་ཀྱི་གྲས་སུ། ཆ་འཇོག་གནང་བཞིན་མཆིས།

     དེ་ལྟར་གལ་གནད་ཅན་གྱི་ཡིག་ཆ་དེ་གསུམ་ལས། “འོར་ཆེ་”ཞེས་པའི་བརྡ་ཆད་དེ་ཉིད་གསལ་ཚུལ་བཀོད་པ་དང་། དེ་དང་ཆབས་ཅིག་ཏུ་«སྦ་བཞེད་»དང་འབྲེལ་བའི། ཡིག་ཆ་གཞན་རྣམས་ཀྱང་ཞོར་འཕྲོས་ཀྱིས་གླེང་བའི་གཤམ་ལ། འདི་ནས་མར་རྟོགས་བརྗོད་རྣམ་ཐར་དང་། དེ་མིན་གྱི་ཡིག་ཆ་ཕྲན་ཚེགས་རྣམས་སུ། “འོར་ཆེ་”ཞེས་པའི་མིང་ཚིག་མངོན་པ་རྣམས། དུས་རབས་ལོ་ཚིགས་གོང་འོག་བསྒྲིགས་ནས་རིམ་པ་བཞིན་དུ་དགོད་དོ།།

     དེ་ཡང་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི། དགེ་བཤེས་པོ་ཏོ་བ་ཡིས་མཛད་པའི་«ཆིག་ལབ་རིང་མོ་»ལས། “དེ་རྣམས་ལ་ཡང་ཁོང་འོར་ཆེ། ང་ལ་གྲོས་འདེབས་པ་དེ་བདེན།” ཞེས་གསལ་བ་དང་། དེ་བཞིན་པོ་ཏོ་བ་དང་དུས་མཚུངས་སུ་བྱོན་པའི། ཁ་རག་སྒོམ་ཆུང་གིས་མཛད་པའི་«ཨང་ཡིག་བདུན་ཅུ་རྩ་གཉིས་པ་»ལས། “དགེ་བཤེས་པོ་ཏོ་བས་ཁ་རག་སྒོམ་ཆུང་ལ་བཅོས་ཐབས་སུ་དྲིས་པ། དེ་ཙམ་པའི་སྒོམ་བསྲན་ཆེ་བ་འོར་ཆེ། སྒོམ་ཉམས་ཅི་སྐྱེས་གསུངས་པས།” ཞེས་ཀྱང་གསལ་ལོ། །ད་དུང་རྗེ་བཙུན་མི་ལ་རས་པ་(༡༠༢༨/༤༠–༡༡༡༡/༢༣)ཡི་མགུར་མ་ལས། “སྨོན་ལམ་ཡང་མེད། །འོར་ཆེ་ཡང་མེད།།” ཅེས་ཀྱང་གསལ་ལོ།།

     དེ་མཚམས་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི། འཆད་ཁ་བ་ཡེ་ཤེས་རྡོ་རྗེ་(༡༡༠༡–༡༡༧༥)ཡིས་མཛད་པའི། «བློ་སྦྱོང་དོན་བདུན་མའི་རྩ་བ་»ལས། “འོར་ཆེ་མ་འདོད།” ཅེས་པ་ཞིག་ཀྱང་གསལ། དེ་བཞིན་དུས་རབས་དེ་རང་གི་ནང་བཞུགས་པའི། རྫོགས་ཆེན་གྱི་བླ་མ་འཛེང་དྷརྨ་བྷོ་དྷིའི་རྣམ་ཐར་ལས། “ཕྱག་གཡས་པས་ལྟག་ཁུང་དུ་ལྕབ་ལྕབ་བྱས་ནས། འོར་ཆེ། དམ་ཚིག་ཅན་དུ་འདུག་པས། ངས་གདམས་ངག་སྦྱིན་གྱིས། ཕན་ཐོགས་པར་འོང་བར་འདུག་གི་གསུངས་ནས།” ཞེས་སློབ་དཔོན་རྦ་སྒོམ་དང་འཛེང་དྷརྨ་བྷོ་དྷིའི་ཟུང་གི་མོལ་མཆིད་གནང་བ་ལས་ཀྱང་གསལ་ལོ།།

     དེ་མཚུངས་སུ་དུས་རབས་བཅུ་གསུམ་པའི་ནང་བཞུགས་པའི། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ་(༡༡༩༧–༡༢༦༤)གྱི་རྣམ་ཐར་ལས། “དམ་ཚིག་ཅན་འོར་ཆེ།” ཞེས་ཀྱང་གསལ་ལོ། །ཡང་དུས་རབས་བཅུ་བཞི་པའི་ནང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་(༡༣༠༨–༡༣༦༤)ཡིས་མཛད་པའི། «ཞུ་ཡིག་གསེར་གྱི་མཆོད་སྡོང་»ལས། “དགོངས་པ་ཆུ་བོའི་རྒྱུན་འདི་བདག་གིས་ཡི་གེར་བཀོད་ནས་ཕུལ་བས། བླ་མ་རིན་པོ་ཆེ་ཤིན་ཏུ་མཉེས་ནས་འོར་ཆེ་འོར་ཆེ་ཕ་ལ་བུ་སྐྱེས་གསུངས་ནས་བསྔགས་ཏེ།” ཞེས་གསལ་ལོ།།

     གཞན་ཡང་དུས་རབས་བཅོ་ལྔ་པའི་འགོར་བྱོན་པའི། སྤ་སྟོན་བསྟན་རྒྱལ་བཟང་པོས་བསྒྲིགས་པའི། «རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་»ལས། “དེ་ལ་འཁྲོས་ནས་བོན་གྱི་སྙན་རྒྱུད་མཁྱེན་པ་བླ་མ་[ཁྱེད་]ཀ་ལས་མེད་པས། དེ་མི་གནང་ན། ཆོས་ཀྱི་སྙན་རྒྱུད་ཅིག་ཞུ་རུ་འགྲོ་བྱས་པས། བུ་འོར་ཆེའོ། །ཁ་སང་སྒོམ་ཆེན་རིན་ཆེན་འབར་བས་དབང་ཡོན་ལ་ཕུལ་བའི་གསེར་ཞོ་གཉིས་པོ་འདིས་ཀྱང་རྒྱགས་མཐུད་གྱིས་ལ་སོངས་ཤིག་གསུངས་སོ།།” ཞེས་བླ་མ་ལོང་ཏིམ་ལྷ་སྒོམ་དཀར་པོ་དང་། སློབ་མ་དངོས་གྲུབ་རྒྱལ་མཚན་རིང་མོ་དབར་ལ་མོལ་བའི་གཏམ་ལགས་སོ། །

     ཡིག་རྙིང་དེ་དག་ལ་ཞིབ་ན། “འོར་ཆེ་”འདི་ནི། སྔ་དུས་སུ་བོད་དབུས་གཙང་ཁུལ་ན་སྤྱོད་རྒྱུག་ཆེ་བའི་བརྡ་ཆད་ཅིག་ཏུ་ངེས་ཤིང་། འོན་ཀྱང་ད་སྐབས་ཡུལ་ལུང་རེ་འགར་སྤྱོད་སྲོལ་ཡོད་རབས་ཙམ་ལས། མངོན་གསལ་དོད་པོར་བཀོལ་བ་ནི་དེ་ཙམ་མི་སྣང་།

གཉིས་པ། ཡིག་རྙིང་ནང་“འོར་ཆེ་”བཀོལ་སྟངས་མ་འདྲ་བ་ཁག
གོང་གསལ་ཡིག་ཆ་ཁག་ཏུ་གསལ་བའི། “འོར་ཆེ་”ཞེས་པ་དེ་དག་གི་བརྗོད་དོན་ཕལ་ཆེ་བ་ནི། “བཀའ་དྲིན་ཆེ་”ཞེས་པའི་དོན་རང་སྟེ། དཔེར་ན། «བཀའ་འགྱུར་»ནང་གི་“ཁྱོད་འོར་ཆེའོ་”ཞེས་པ་དང་། «སྦ་བཞེད་»ནང་གི་“འོ་ན་བློན་ཆེན་པོ་འོར་ཆེ་”ཞེས་པ། པོ་ཏོ་བའི་«ཆིག་ལབ་རིང་མོ་»ནང་གི་“ཁོང་འོར་ཆེ་”ཞེས་པ། «ཞང་ཞུང་སྙན་བརྒྱུད་ཀྱི་བླ་མའི་རྣམ་ཐར་»ནང་གི “བུ་འོར་ཆེའོ་”ཞེས་པ་ལྟ་བུ་ལས་ཀྱང་ཤེས་སོ། །དེས་ན་“འོར་ཆེ་”འདི་དང་ནང་དོན་གཅིག་པ་དག་ལའང་། རྗོད་སྟངས་སྣ་ཚོགས་སུ་མཆིས་ཏེ། དཔེར་ན་ལུས་དང་འབྲེལ་བའི་“སྐུ་དྲིན་ཆེ་”དང་། ངག་དང་འབྲེལ་བའི་“བཀའ་དྲིན་ཆེ།” ཡིད་དང་འབྲེལ་བའི་“ཐུགས་རྗེ་ཆེ་”ལྟ་བུའོ།།

     དེ་མིན་འཆད་ཁ་བའི་«བློ་སྦྱོང་དོན་བདུན་མ་»ནང་གི “འོར་ཆེ་མ་འདོད་”ཅེས་པ་ལ་ནི། རྗེ་དགེ་འདུན་གྲུབ་པ་(༡༣༩༡–༡༤༧༤)ཡིས་མཛད་པའི། «ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་»ལས། “འོར་ཆེ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏགས་པའི་ཕན་ལན་དངོས་སུ་རེ་བ་མེད་ཀྱང་། གཞན་གྱིས་འོར་ཆེ་ཞེས་བརྗོད་ན་སེམས་དགའ་སེང་འགྲོ། འོར་ཆེ་མ་བརྗོད་ན་མི་ལ་བཟང་བྱས་ངན་བྱས་ཁྱད་མི་འདུག ཕན་བཏགས་པའི་ལན་དུ་འོར་ཆེ་ཟེར་བ་ཙམ་ཡང་མི་ཤེས་པ་འདུག་སྙམ་པའི་འོར་ཆེ་མ་འདོད།” ཅེས་གསུངས་ནས་འགྲེལ་བཤད་གསལ་པོར་བསྐྱོན་གནང་འདུག འགྲེལ་བཤད་འདི་ནི་«བློ་སྦྱོང་དོན་བདུན་མ་»ལ་འགྲེལ་པ་དུ་མར་མཆིས་པའི་ནང་ལས། གཞན་དང་ཅུང་ཟད་མ་འདྲ་བར་སྣང་སྟེ། འགྲེལ་བཤད་གཞན་རྣམས་སུ་འོར་ཆེ་ནི། “ཚིག་གི་གཏང་རག་”ཅེས་སུ་འགྲེལ་ཡོད་པས་སོ།།

     དེས་ན་སྐབས་འདིའི་“ཚིག་གི་གཏང་རག་”ཅེས་པ་ལ་བསམ་གཞིག་ཅིག་བྱས་ན། དེ་ནི་ཏུན་ཧོང་ཡིག་རྙིང་དུ་གསལ་བའི། “འོར་ཆེ་ཞེས་ཚིག་གིས་བསྟོད་”ཅེས་པ་དང་། མི་ལའི་མགུར་མའི་ནང་གི་“འོར་ཆེ་ཡང་མེད་”ཅེས་པ་ལྟ་བུ། ངོ་སོའི་དོན་ལ་འཇུག་པའང་འདྲ། དེ་ལྟར་ན་“འོར་ཆེ་”ཞེས་པའི་ཚིག་འགྲེལ་ལ་“འོ་རང་ཆེ་”ཞེས་པ་ལྟ་བུར་འགྲེལ་མཁན་ཡང་སྣང་བས། དེ་དག་མཐའ་གཅིག་ནས་མ་རེད་ཟེར་རྒྱུ་མི་འདུག་ཀྱང་། ངེས་པར་དུ་དཔྱད་དགོས་པའི་གནས་སུ་མཐོང་། ད་དུང་རེ་འགས་“འོར་རྗེ་”ཞེས་སུ་འབྲི་བར་བྱེད་པ་ནི། དོན་དངོས་དང་མཐུན་མིན་དེ་བས་བརྗོད་པར་དཀའ།

     རྒྱུ་མཚན་ནི་“འོར་ཆེ་”ཞེས་པའི་ཚིག་འགྲེལ་དངོས་ནི། “འོ་རུ་ཆེ་”ཞེས་པ་འདི་ཡིན་ཞིང་། སྐབས་འདི་ཉིད་ཀྱི་“འོ་”ནི་“འོ་བརྒྱལ་”ཏེ་“དཀའ་ལས་”ལ་འཇུག དེས་ན་དེ་མཚུངས་སུ། “འོ་དོད་”ཅེས་པའི་“འོ་”ཡང་། “དཀའ་ལས་”ལ་འཇུག་པ་གཅིག་མཚུངས་ཡིན་ཏེ། “འོ་དོད་”ནི་སྨྲེ་སྔགས་འདོན་པའམ་སྡུག་བསྔལ་རྗོད་པའི་དོན་དུ། ཚིག་མཛོད་ཀུན་ལས་གསལ་བས་སོ།།

     ཡང་«རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གྱི་མོ་རྒྱུད་ཀྱི་གདམས་པ་»ལས། “ལྟ་བསྒོམ་སྤྱོད་འབྲས་འཆོལ་བས་‘འོར་མོ་’ཁུང་དུ་འགྲོ།།” ཞེས་གསལ་བ་ལྟར། བོན་གཞུང་རྙིང་གྲས་རྣམས་སུ་‘དམྱལ་བ་’ཡི་སྐད་དོད་དུ། “འོར་མོ་”ཞེས་ཀྱང་འབྱུང་བས། “འོར་མོ་”འདི་ཉིད་ཀྱི་‘འོར་’འདིའང་། “འོར་ཆེ་”ཡི་‘འོར་’དང་། “འོ་དོད་”ཀྱི་‘འོ་’འདི་དག་དང་། ཚིག་གི་འབྱུང་ཁུངས་ཀྱི་ཆ་ནས་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སྙམ། ད་དུང་འདི་མཚུངས་ཀྱི་བརྡ་རྙིང་གཞན་ཡང་མཆིས་པར་གདོན་མི་ཟ།

     གང་ལྟར་“འོར་ཆེ་”དང་“འོ་རུ་ཆེ”། དེ་བཞིན་“འོ་བརྒྱལ་ཆེ་”གསུམ་ནི། དོན་དག་གཅིག་ཏུ་བབ་སྟེ། ‘འོ་བརྒྱལ་གནང་སོང་’ཞེས་པ་དང་། ‘དཀའ་ལས་བརྒྱབ་སོང་’ཞེས་པའིི་དོན་ནོ། །རྒྱུ་མཚན་དེ་ལ་བརྟེན་ནས། «བོད་རྒྱ་ཚིག་མཛོད་ཆེན་མོ་»ལས། “འོ་བརྒྱལ་ཆེ་”ཞེས་པ་ནི། “ཐུགས་རྗེ་ཆེ་”ཞེས་པའི་དོན་ཡིན་པར་གསུངས་པ་ལགས་སོ།།

གསུམ་པ། ཡུལ་ལུང་རེ་འགར་“འོར་ཆེ་”བཀོལ་སྟངས་མ་འདྲ་བ་ཁག
“འོར་ཆེ་”ཞེས་པའི་བརྡ་ཆད་འདི། “ཐུགས་རྗེ་ཆེ་”ཞེས་པ་ལ་འཇུག་པ་ནི། གོང་དུ་བཤད་པ་ལྟར་ལགས་མོད། འོན་ཀྱང་“འོར་ཆེ་”ཞེས་པ་ལ་འཇུག་ཡུལ་གཞན་ཞིག་ཡོད་པ་ནི། “སྐུ་མཁྱེན་”ཞེས་པ་དེ་ལགས། དེའང་དོལ་པོ་པ་དག་གིས་“འོར་ཆེ་”འདི། “སྐུ་མཁྱེན་”གྱི་དོན་ལ་ད་ལྟའང་བཀོལ་གྱིན་ཡོད་པར་མ་ཟད། དོལ་པོའི་ཡིག་རྙིང་རྣམས་སུའང་གསལ་ཡོད་དེ། «མཁའ་འགྲོ་མ་ཨོ་རྒྱན་ཆོས་སྐྱིད་ཀྱི་རྣམ་ཐར་»ལས། “འོར་ཆེ་མྱུར་དུ་ཕེབས་ཤིག” ཅེས་པ་ལྟར་རོ། །དེ་མཚུངས་སུ་གློ་བོ་དག་གིས་ཀྱང་། “སྐུ་མཁྱེན་”ལ་ད་ལྟའང་སྤྱོད་པས་མ་ཚད། གློ་བོའི་ཁ་དཔེ་ལས། “རྣ་བཏགས་གསེར་མོ་སྒང་ལ། །འོར་ཆེ་ཉི་ཤུ་རྩ་གཅིག །འོ་རང་ཨ་ཞང་བུ་མོ། །འོར་ཆེ་གཅིག་ལ་འབྱུང་ངོ་།།” ཞེས་ཀྱང་འཁོད་པ་ལྟར་རོ། །དེས་ན་“སྐུ་མཁྱེན་”གྱི་དོད་དུ། “འོར་ཆེ་”བཀོལ་བའི་སྐབས་ཀྱི་ནང་དོན་ནི། “འོ་བརྒྱལ་ཆེ་རོགས་”ཟེར་བའི་དོན་ཡིན་པ་དང་། “བཀའ་དྲིན་ཆེ་”ཡི་དོད་དུ་“འོར་ཆེ་”བཀོལ་བ་ནི། “འོ་བརྒྱལ་ཆེ་སོང་”ཟེར་བའི་དོན་ཡིན་སྟབས། དེ་གཉིས་ཀྱི་ནང་དོན་ལ་དུས་འདས་པ་དང་མ་འོངས་པ་ཙམ་གྱི་ཁྱད་པར་ཡོད་པ་ལགས་སོ།།

     “འོར་ཆེ་”ཞེས་པའི། བརྡ་ཆད་འདི་ཉིད་བེད་སྤྱོད་གཏོང་མཁན་གྱི། ཧི་མ་ལ་ཡའི་བོད་རིགས་ནང་ཁུལ་ན། འདི་ཉིད་བཀོལ་སྟངས་ལའང་ཁྱད་པར་ཅུང་ཟད་རེ་སྣང་། དེ་ཡང་སྤྱིར་བལ་ཡུལ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི། ཧི་མ་ལ་ཡའི་བོད་རིགས་རང་སྐད་བོད་སྐད་ཡིན་ནོ་ཅོག་དང་། རྒྱ་གར་གྱི་མངའ་ཁོངས་སྤི་ཏི་དང་ཁུ་ནུ་སྟོད་ཀྱི་ཕྱོགས་སུ། “འོར་ཆེ་”འདི་‘སྐུ་མཁྱེན་’དང་‘ཐུགས་རྗེ་ཆེ་’གཉིས་ཀའི་ཚབ་ལ་སྤྱོད་ཀྱིན་མཆིས། དེ་ལྟར་ནའང་མུ་ཁུམ་དང་སྐར་མ་རོང་དག་གིས་“འོར་ཆེ་”འདི། རྒན་པས་གཞོན་པ་ལ་ཟེར་བ་མ་གཏོགས། གཞོན་པས་རྒན་པ་ལ་ལབ་སྲོལ་མི་འདུག གཞོན་པས་རྒན་པ་དག་ལ་‘བཀའ་དྲིན་ཆེ་’ཞེས་ཞུ་བར་བྱེད།

     ཡང་གླེ་མི་ཚོས་“འོར་ཆེ་སོང་”ཞེས། འདས་ཚིག་བརྒྱབ་སྟེ་ལབ་ན། ‘ཐུགས་རྗེ་ཆེ་’ལ་འཇུག་པ་དང་། “འོར་ཆེ་”ཞེས་རྐྱང་པའམ་ཡང་ན་“འོར་ཆེ་འོར་ཆེ་”ཞེས་བསྐྱར་ནས་བརྗོད་ན། ‘སྐུ་མཁྱེན་’ལ་གོ་བར་བྱེད། དེ་ནི་དོལ་པོ་བན་ཚང་ཕྱོགས་སུ། ‘ཐུགས་རྗེ་ཆེ་’ལ། “འོར་ཆེ་སོ་”ཞེས་པ་ལྟ་བུར་རྗོད་ལུགས་ཡོད་པ་དེ་དང་ཉེ་བར་སྣང་། དེ་མཚུངས་འོམ་གློ་སོགས་ས་ཁུལ་རེ་འགར། སྐུ་མཁྱེན་གྱི་ཚབ་ཏུ་“འོར་ཆེ་ཕྱག་འཚལ་”ཟེར་ནས། རེ་བ་འདོན་པའི་ཚིག་གཞན་ཡང་དམིགས་ཀྱིས་སྦྱོར་བར་བྱེད།

     ལ་དྭགས་དང་། ཟངས་དཀར། གར་ཞྭ་དག་ན། ‘ཐུགས་རྗེ་ཆེ་’ཞེས་པའི་དོད་དུ། “ཤ་འབེ་འཇུ་”ཞེས་པ་ཞིག་ཀྱང་སྤྱོད་སྲོལ་འདུག དེ་ལ་སྦལ་ཏི་པ་དག་གིས་“ཨ་འཇུ་”ཞེས་སུ་ཟེར་ལུགས་མཆིས། དེ་དག་གི་དོན་དག་ངོ་ཐོག་དེ་གང་ཡིན་ཁ་ཚོན་ཆོད་ཐབས་བྲལ། དེ་ལྟར་ནའང་དོལ་པོའི་ཕྱོགས་སུ་“ཨོ་མ་འཇུ་”ཞེས་གཞན་གྱི་མ་ནེ་འཇུས་ནས་ཞུ་བ་འཐེན་སྲོལ་ཞིག་ཡོད་པས། དོན་དངོས་སུ་“ཨོག་མ་འཇུ་”ཡིན་ངེས་ཤིང་། དེ་དང་“ཤ་འབེ་འཇུ་”དབར་ལ་འབྲེལ་བའང་ཡོད་སྲིད་སྙམ། འོན་ཀྱང་ལ་དྭགས་དང་ཟངས་དཀར་དག་ན། “ཨོ་མ་འཇུ་”ནི། ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ལྟ་བུར་སྤྱོད་སྲོལ་ལས་གཞན་དུ་རྗོད་ལུགས་མི་འདུག་པས། ད་དུང་ཡང་དཔྱད་དགོས་པའི་གནས་སུ་ལྷག

     དེ་ཡང་དོལ་པོའི་ཕྱོགས་ཀྱི་འདོད་ཚུལ་ཞིག་ལ། སྤྱིར་རེ་བ་ཞུ་སྟངས་དེ་ལ་ཛ་དྲག་ཆེ་ལོད་དང་། དོ་གལ་ནན་ལོད་ཀྱི་དབང་གིས། གོ་རིམ་གསུམ་དུ་འབྱེད་དེ། སྤྱིར་བཏང་གི་རེ་ཞུ་ཙམ་ལ་“འོར་ཆེ་”ཟེར་བ་ཙམ་གྱིས་ཆོག་པ་དང་། དེ་ལས་མཁོ་གནད་ཆེ་བ་ཞིག་ཞུ་བའི་ཚེ་“སྐུ་མཁྱེན་”ཟེར་བ་དང་། ཆེས་གནད་འགག་ཅན་ཞིག་ཞུ་དགོས་ན། “ཨོ་མ་འཇུ་”ཟེར་བ་རྣམས་རིམ་ཅན་ཡིན་རབས་ཀྱང་བཤད་སྲོལ་འདུག འོན་ཀྱང་“ཨོ་མ་འཇུ་”ནི། ཕྲུ་གུས་ཕ་མ་དང་གཉེན་ཉེ་ལ་རེ་བ་ཞུ་དུས། ཕ་རོལ་པོའི་མ་ནེ་འཇུས་ནས་རེ་བ་འདོན་སྲོལ་ཞིག་ད་ལྟའང་མཆིས། དེ་ནི་འོམ་གློ་ཕྱོགས་སུ། “དགའ་ལི་དགའ་ལི་”ཟེར་ནས། མ་ནེ་འཇུ་བར་བྱེད་པ་དེ་དང་གཅིག་མཚུངས་སུ་འདུག་གོ།

མཇུག་སྡུད་ཀྱི་གཏམ།
འདིས་མཚོན་པའི་བརྡ་རྙིང་མང་པོ་ཞིག དོལ་པོའི་སྤྱི་ཚོགས་དང་འཚོ་བའི་ཁྲོད་ན། ད་ལྟ་དེང་སང་ཡང་སྔར་མུས་བཞིན་བཀོལ་བཞིན་ཡོད་པས། བརྡ་རྙིང་དེ་དག་གི་ནང་དོན་ཡང་། གསུང་རབ་དཔེ་རྙིང་རྣམས་སུ་གསལ་བ་ཇི་བཞིན། སྤྱི་ཚོགས་སུའང་གནས་ཡོད་པ་ལགས་ན། འདི་ལས་གནད་དོན་གཞན་ཞིག་ངེས་རྙེད་འབྱུང་བ་ནི། དོལ་པོའི་ཁ་སྐད་དེ་ནི་ཆེས་རྙིངས་པའི་བོད་སྐད་ཅིག་ཡིན་པ་དེའོ། །དེས་ན་གནའ་བོའི་ཡིག་རྙིང་དག་གི་ནང་དོན་རྟོགས་པ་ལའང་། དོལ་པོའི་ཁ་སྐད་ཀྱིས་ཞབས་འདེགས་ཞུ་ཐུབ་པའི་ཆ་རྐྱེན་ཡང་ཚང་ཡོད་པར་ཤེས། དོན་གནད་དེ་ལ་བརྟེན་ནས། བདག་གིས་ཀྱང་དོལ་པོའི་མིང་མཛོད་ཅིག་ཀྱང་སྒྲིག་བཞིན་ཡོད་སྟབས། དེར་བཀོད་པའི་བརྡ་ཆད་དག་གིས་ཀྱང་། བོད་རིག་པའི་ཞིབ་འཇུག་ལ་སྨན་པའི་མཐུན་སྦྱོར་དུ་འགྱུར་བར་ཀུན་ནས་བསླངས་པ་ལགས་སོ།། །།

(བོད་ཀྱི་དཔེ་མཛོད་ཁང་ནས་འདོན་བཞིན་པའི། «གཏམ་ཚོགས་»དཔྱད་དེབ་ ༢༠༢༥ ལོའི་དེབ་ཕྲེང་གཉིས་པའི་སྟེང་སྤེལ་ཡོད།)

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེའི་ངོ་སྤྲོད།
དོལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་དགོན་བདག་བླ་མ་ཡིན་པ་དང་། ༢༠༠༣ནས་༢༠༢༣བར་«བོན་སྒོ་»ལོ་དེབ་ཀྱི་གཙོ་སྒྲིག་པའི་འགན་ཁུར། ༢༠༠༨ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་དགེ་བཤེས་ཀྱི་མཚན་བཏགས་བཞེས། ༢༠༡༥ལོར་སྨན་རིའི་གླིང་དུ་བླ་མ་ཁྲི་པ་རུ་མངའ་གསོལ། ༢༠༡༧ལོར་ཡུ་རོབ་ཀྱི་ཆར་ལེ་སི་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམས་པ་ཐོན། ༢༠༡༧ནས་ད་བར་སློབ་གཉེར་ཁང་དེར་སློབ་དཔོན་གཞོན་པའི་ལས་གནས་འཛིན་མུས། ༢༠༡༨ནས་༢༠༢༤བར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་འདུ་ཚོགས་ཀྱི་སློབ་སྟོན་ཚོགས་མིར་བདམས། ༢༠༢༢ནས་ད་བར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་སློབ་སྟོན་པ་ཚོགས་མི་གནང་མུས་ཡིན།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།