སྤྲུལ་སྐུ་འཆི་མེད་ཚེ་དབང་དོལ་པོ།
ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་རྒྱལ་ཚབ་གཏེར་ཆེན་༸ཁྲག་འཐུང་བདུད་འཇོམས་གླིང་པའི་ཐུགས་སྲས་ཀྱི་ཐུ་བོ་འཇའ་ལུས་གྲུབ་པ་བཅུ་གསུམ་གྱི་ཡ་གྱལ། ༸གྲུབ་དབང་པདྨ་བདེ་བའི་རྒྱལ་པོའམ་བདེ་རྒྱལ་རིན་པོ་ཆེ་མཆོག་སྟོད་མངའ་རིས་སུ་ཕེབས་ཏེ། གངས་ཏི་སེའི་ཉེ་འདབས་རྨ་བྱ་ཁ་འབབ་ཀྱི་ཆུ་མགོར། དཔལ་བྲག་དམར་ནམ་མཁའ་ཁྱུང་རྫོང་ཞེས་པ་ཕྱག་བཏབ་ཅིང་། ཞལ་སློབ་གཙོ་བོ་སྐུ་ཞབས་གསེར་རྟ་རིན་པོ་ཆེའམ་པདྨ་ལུང་རྟོགས་རྒྱ་མཚོ་ཞུ་བ་གང་ཉིད། དོལ་པོ་དང་། མུ་གུམ། ཀརྨ་རོང་། འུམ་ལྷོ་སོགས་སུ་ཕེབས་ནས། བདུད་འཇོམས་གཏེར་གསར་ཐོག་མར་སྤེལ་བས། སྟོད་དར་ནམ་མཁའ་ཁྱུང་རྫོང་ལུགས་ཞེས་པ་དེ་བྱུང་། གསེར་རྟ་རིན་པོ་ཆེའི་སྲས་བདེ་རྒྱལ་སྐུ་ཕྲེང་གཉིས་པ་པདྨ་འཇིགས་མེད་རྣམ་རྒྱལ་མཆོག་ནི། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཐུགས་ཀྱི་སྲས་སུ་གྱུར་ཅིང་། བལ་བོད་ཀྱི་ས་མཚམས་འུམ་ལྷོ་རོང་དུ་སྐུ་ཚེ་ཧྲིལ་པོར་སྒྲུབ་ལ་གཞོལ་ཏེ། ནམ་མཁའ་ཁྱུང་རྫོང་གི་བསྟན་པ་མི་ཉམས་གོང་འཕེལ་མཛད།
 |
| མགོ་ལོག་སེར་རྟ་རིན་པོ་ཆེ། |
 |
| སེར་རྟ་རིན་པོ་ཆེའི་ཐུགས་སྲས་བདེ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ། |
དེའི་སྲས་ད་ལྟ་སྐུ་འཚོ་ཞིང་གཞེས་པ་མཆོག་སྤྲུལ་པདྨ་རིག་རྩལ་རིན་པོ་ཆེ་མཆོག་ནི། ཡབ་བདེ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དང་། ཡུམ་སྐྱབས་མ་ཚེ་རིང་གཉིས་ཀྱི་རིགས་སྲས་སུ། སྤྱི་ལོ་༡༩༦༤ ལོར་རྒྱ་གར་སཱན་དྷིའུར་སྐུ་བལྟམས། དགུང་ལོ་གསུམ་ལ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། མངའ་རིས་སྤུ་ཧྲེང་བཤད་འཕེལ་གླིང་གི་དབུ་བླ་རྒྱ་གར་དམ་པ་སངས་རྒྱས་ཀྱི་རྣམ་རོལ་འཆི་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་། ཡབ་རྗེ་རིན་པོ་ཆེའི་མདུན་ནས་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་སྦྱངས་པ་དང་། དགུང་ལོ་བཅུ་དགུ་ནས་མཁན་ཆེན་ཟླ་བའི་འོད་ཟེར་མཆོག་དང་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་སྐུ་མདུན་ནས་མདོ་སྔགས་སྤྱི་དང་ཁྱད་པར་མི་ཕམ་རིན་པོ་ཆེའི་གསུང་དང་། གཞུང་ཆེན་བཅུ་གསུམ་སོགས་ལ་ལོ་ངོ་བཅུའི་རིང་སྦྱང་བརྩོན་མཐར་ཕྱིན་པར་མཛད་ཅིང་། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ། ༸སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་རྣམས་ཀྱི་མདུན་ནས། སྔ་འགྱུར་རྙིང་མའི་དབང་ལུང་ཁྲིད་གསུམ་སོགས་རྫོགས་པ་ཆེན་པོའི་མན་ངག་ཟབ་མོ་རྣམས་ཞུས།
 |
| ༸མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་དང་ལྷན་བཞུགས། |
 |
| ༸སྐྱབས་རྗེ་རྡོ་གྲུབ་ཆེན་དང་ལྷན་བཞུགས། |
 |
| ༸སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་དང་ལྷན་བཞུགས། |
སྤྱི་ལོ་ ༡༩༨༥ ལོར་འུམ་ལྷོ་ཡོལ་དབང་དུ། ནམ་མཁའ་ཁྱུང་རྗོང་དགོན་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་ཅིང་། རབ་བྱུང་ངུར་སྨྲིག་གི་སྡེ་བཙུགས། མ་དགོན་དེ་ཉིད་དུ་གཞུང་ཆེན་བཀའ་པོད་བཅུ་གསུམ་དང་། ཀུན་མཁྱེན་ཡབ་སྲས། འཇམ་མགོན་མི་ཕམ་རིན་པོ་ཆེ་བཅས་ཀྱི་གསུང་བཅས་རྒྱུན་དུ་འཆད་སྤེལ་མཛད། སྤྱི་ལོ་ ༢༠༠༨ ལོར་ནམ་ཁྱུང་མ་ཧཱ་མཱ་ཡཱ་སློབ་གྲྭ་དང་། སྤྱི་ལོ་ ༢༠༡༥ ལོར་ནམ་ཁྱུང་པདྨ་འོད་གསལ་ཆོས་གླིང་ཞེས་བཙུན་མའི་གྲྭ་ཚང་གསར་འཛུགས་གནང་། ལོ་གསུམ་ཟླ་གསུམ་གཙོས་རྒྱུན་དུ་བསྙེན་སྒྲུབ་ལ་གཞོལ་ཞིང་། མགོན་པོ་གང་གི་སྨིན་གྲོལ་བླང་དོར་གྱི་གདམས་པ་ཟབ་མོའི་མཐུ་ལས། འུམ་ལྷོ་དང་མངའ་རིས་སོགས་སུ་ལོ་གསུམ་ཟླ་དྲུག་ཞག་བརྒྱ་སོགས་ཀྱི་སྒྲུབ་ལ་བརྩོན་པའི་ཁྲོས་མའི་རྣལ་འབྱོར་བ་བརྒྱ་ཕྲག་དང་། མ་ཎི་དང་སིདྡྷི་དུང་སྒྲུབ་བསགས་སྦྱོང་ལ་འབད་པའི་མི་སྐྱ་ཕོ་མོ་གྲངས་ལས་འདས་པས་སྒྲུབ་ཕུག་དང་རི་སུལ་ཁེངས། ལོ་ངོ་གཉིས་གསུམ་རེའི་ནང་དུ་ཕྱི་རྒྱལ་ཐེ་ཝན་དང། སིངྒ་པུར། ཧོང་ཀོང་སོགས་ལ་ཐེངས་རེ་ཕེབས་ནས་དམ་ཆོས་འཆད་སྤེལ་གནང་བཞིན་པ་ལགས་སོ།།
 |
| འུམ་ལྷོ་རུ་ཉིད་ཀྱིས་ཕྱག་བཏབ་པའི་ནམ་མཁའ་ཁྱུང་རྫོང་དགོན་དང་དེར་བཞུགས་འཕགས་ཚོགས་དགེ་འདུན་འདུས་པའི་སྡེ་བཅས། |
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།