རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 2 August 2019

སྐྱོར་སྦྱང་བྱེད་སྐབས་སུ་མེད་དུ་མི་རུང་བའི་གནད་དོན་དྲུག


རྩོམ་པ་པོ། ཆོས་རྗེ་དགོན་ཡོན་ཏན་འཛིན།

གཤིས་ལུགས་ཇི་ལྟར་མཁྱེན་པ་འཇམ་དབྱངས་ལྷ།།
གདམས་ངག་ཅི་དགར་གནང་བ་ཉི་མའི་མཚན།།
ལྟ་བ་མ་ནོར་ལམ་སྟོན་དངོས་གྲུབ་མཚན།།
གདམས་ངག་འཐུང་འདོད་བློ་ཡིད་ཚིམས་པར་ཤོག།

གཅིག  སློབ་ཁྲིད་ཉན་པའི་གནས་སྐབས་སུ་དགེ་རྒན་ལ་དད་གུས་མེད་པ། སློབ་ཁྲིད་ཉན་པའི་གནས་སྐབས་སུ་དགེ་རྒན་ལ་དད་གུས་མེད་ཚེ་སྐབས་ཀྱི་བརྗོད་བྱ་ལ་ལེགས་པར་ཉན་མི་འདོད་པར་ཆགས་འགྲོ། ལེགས་པར་མ་ཉན་ཚེ། སྐབས་ཀྱི་བརྗོད་བྱ་ལེགས་པར་ཤེས་པ་དང་ཁོང་དུ་ཆུད་པའི་རེ་བ་མེད། དེའི་ཕྱིར་སློབ་ཁྲིད་ལ་ཉན་སྐབས་དགེ་རྒན་ལ་དད་གུས་ལེགས་པོར་ཡོད་དགོས་པ་འདི་གནད་དམ་པའོ།།

གཉིས། དགེ་རྒན་གྱིས་གཞུང་ལུགས་ཀྱི་བཞེད་མཚམས་དང་དཀའ་གནད་གསུངས་པ་དག་ཟིན་བྲིས་མི་འབྲི་བ། དགེ་རྒན་གྱིས་གཞུང་ལུགས་ཀྱི་བཞེད་མཚམས་དང་དཀའ་གནད་གསུངས་པ་དག་ཟིན་བྲིས་སུ་མ་འདེབས་ཚེ། དུས་ཡུན་ཅུང་ཙམ་འགྱངས་རྗེས་ནང་དོན་ཕལ་ཆེར་བརྗེད་ནས་ཤུལ་མེད་དུ་འགྱུར་འགྲོ་བ་དང་།  ལ་ལ་རབ་རིབ་ཏུ་གྱུར་ནས་གསལ་བོར་དྲན་མི་ཐུབ་པར་ཆགས་འགྲོ། དེའི་ཕྱིར་དགེ་རྒན་གྱིས་གཞུང་ལུགས་ཀྱི་བཞེད་མཚམས་དང་དཀའ་གནད་གསུང་བ་དག་ཟིན་བྲིས་སུ་འགོད་དགོས།

གསུམ། དོགས་འཕྲེང་དག་དགེ་རྒན་ལ་དོགས་འདྲི་མི་བྱེད་པ། རང་ཉིད་ལ་དོགས་པ་ཡོད་པ་དག་དགེ་རྒན་ལ་མ་དྲིས་ཚེ། ནང་དོན་གོ་བར་རྒྱང་རིང་བ་དང་། དེར་མ་ཟད་དོགས་པ་དེ་ཚེ་གང་བོར་ཁོག་ཏུ་བཅུག་འདུག་པ་ལས་སེལ་མི་ཐུབ་པའི་ཉེན་ཁ་ཡོད། དེའི་ཕྱིར་དགེ་རྒན་ལ་དོགས་འདྲི་བྱེད་དགོས།

བཞི། སྒྲ་ཐག་ཙམ་ལ་ཉན་ནས་དཔེ་ཀློག་མི་བྱེད་པ། སྒྲ་ཐག་ཙམ་ཉན་པ་ལས་དཔེ་ཀློག་མི་བྱེད་ཚེ། བར་མཚམས་རེ་ལ་དཔེ་ཀློག་རེ་བྱས་ཀྱང་སྒྲ་ཐག་ལ་མ་བརྟེན་པར་གོ་མི་ཐུབ་པ་ཆགས་འགྲོ། དེར་མ་ཟད་རང་ཉིད་ཤེས་རབ་ཅན་ཞིག་དང་། གཞུང་དོན་ལ་གོ་བ་ལེགས་པར་ཆགས་དགོས་ཚེ་ཐོག་མར་དཔེ་ཀློག་བྱས་ནས་ཆགས་དགོས་པ་མ་གཏོགས། སྒྲ་ཐག་ཉན་པ་ཙམ་གྱིས་གོ་བ་ལེགས་པར་ཆགས་འགྲོ་བ་སུ་ཡང་མེད། དེའི་ཕྱིར་ངེས་པར་དཔེ་ཀློག་བྱེད་དགོས།

ལྔ། དཔེ་ཀློག་བྱེད་ཀྱང་དཀའ་བ་དོར་ཏེ་སླ་བོ་བཀླགས་པ། དཔེ་ཀློག་བྱེད་ཀྱང་དཀའ་བ་དོར་ནས་སླ་བོ་རྐྱང་རྐྱང་བཀླག་ན། གཞུང་ལུགས་ལ་གོ་བ་ཡག་པོར་ཆགས་མི་ཐུབ་པ་དང་། ཐོས་རྒྱ་ཆུང་འགྲོ་བས་དཔེ་ཆ་བ་ཡག་པོར་ཆགས་མི་ཐུབ། དེའི་ཕྱིར་དཔེ་ཀློག་སྐབས་དཀའ་བའི་རིགས་ལ་གཟིགས་དགོས།

དྲུག  དཔེ་ཀློག་ལ་གཏན་ཁེལ་མེད་པ། དཔེ་ཀློག་ལ་གཏན་ཁེལ་མེད་ཚེ་དཔེ་ཆ་གང་ཡང་མཐར་ཕྱིན་པ་ཞིག་ཀློག་མི་ཐུབ།  དེའི་ཕྱིར་དཔེ་ཀློག་ལ་གཏན་ཁེལ་ཡོད་དགོས།

གླིང་སྲས་བོད་ཡིག་འཕྲིན་སྟེགས་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།