སློབ་དཔོན་འཇིགས་མེད་ཕྲིན་ལས་ནོར་བུ།
༸གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།
བརྒྱུད་གསུམ་རིག་འཛིན་བླ་མའི་ཞལ་སྐྱིན་དུ་བཞུགས་པ།།
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུ་ཡི་བྱེད་པོ།།
ཌཱཀི་དམ་ཅན་སྲུང་མའི་ཚོགས་དཔོན་དུ་བཞེངས་པ།།
སྔོན་བྱོན་རྒྱལ་པས་མ་ཐུལ་དམུ་རྒོད་ཀྱི་འགྲོ་ལ།།
སྨིན་གྲོལ་ཆོས་ཀྱི་བགོ་བཤའ་ཕངས་མེད་དུ་སྙིལ་མཁས།།
སྙིང་སྟོབས་མཆོག་མངའ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
སྙིགས་ལྔའི་རྒུད་པ་བརྒྱ་ཕྲག་དུས་གཅིག་ལ་ཆོམ་ཤོག།
རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ།།
ཇི་སྙེད་སྤྲོ་དང་སྡུ་བའི་བྱེད་པོ་ནི་མཐར་ཐུག།
རིགས་ཀྱི་ཁྱབ་བདག་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
སྙིགས་དབུས་མི་ཤིགས་གཞོན་ནུའི་གཏེར་སྒོ་དེ་ཕྱེས་ཤོག།
ནད་མཚོན་མུ་གེའི་གདུང་བ་མེ་དཔུང་ལས་དབལ་ཚ།།
འགྲོ་དྲུག་འཁོར་བའི་གཡང་ས་བཙོན་ར་ལས་ཉམ་ང་།།
རང་རེ་མགོ་འཁོར་སེམས་ཅན་ལོང་བ་ལས་ཉམ་ཐག།
ཐུགས་རྗེ་འདོར་བར་ཕོད་དམ་དྲིན་ཆེན་གྱི་བླ་མ།།
ཉམ་ཐག་མོས་པས་གསོལ་བ་ལྷང་ལྷང་དུ་བཏབ་ཀྱང་།།
འགྲན་མེད་བྱིན་རླབས་མཆོག་གི་དབུགས་དབྱུང་ཞིག་མེད་ན།།
སླར་ཡང་གདུང་ཡུས་དྲག་པོ་སྙིང་དབུས་ལ་ལྷགས་ཚེ།།
ལུས་འདི་འཐོར་ལ་ཉེའོ་དྲིན་ཆེན་གྱི་བླ་མ།།
སྡུག་བསྔལ་ཆུ་རླུང་དྲག་པོས་དབང་མེད་དུ་འཁྱེར་བཞིན།།
ལས་ཉོན་ཆུ་སྲིན་གདུག་པས་ཁམས་ཟས་སུ་བྱས་ཚེ།།
བར་མེད་བདེ་པའི་གླིང་ལ་ཡིད་སྨོན་ཞིག་ཡོད་ཀྱང་།།
རེ་འབྲས་དོན་མེད་གྱུར་འདི་བླ་མ་ཡི་དགོངས་སམ།།
དགོངས་ཤིག་བརྩེ་ལྡན་མཚུངས་བྲལ་དྲིན་ཆེན་གྱི་བླ་མ།།
གང་གི་གསང་གསུམ་ཡོན་ཏན་ཕྲིན་ལས་ཀྱི་ཕུན་ཚོགས།།
མ་ལུས་འགྲོ་བའི་རྒྱུད་ལ་འབད་མེད་དུ་འཕོས་ནས།།
འཁོར་བ་དོང་ནས་སྤྲུགས་པའི་ཤིས་པ་དེ་སྩོལ་ཤོག།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།