མཛད་པ་པོ། དོལ་པོ་ཤཱཀྱ་རིན་པོ་ཆེ།
༄། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་འཇམ་དབྱངས་བླ་མ་མི་ཕམ་རྗེ།།
ས་གསུམ་ལྷ་མིའི་རྒྱལ་སྲས་རྒྱ་མཚོའི་གཙུག་གི་རྒྱན་གྱུར་བླ་ན་མཐོ།།
མཁས་པའི་རྣམ་དཔྱོད་ཤིན་ཏུ་ཕུལ་ཕྱིན་པཎ་གྲུབ་བཅུ་བདུན་རྗེས་སུ་འཕགས།།
གྲུབ་པའི་ཡོན་ཏན་གྲགས་ཙམ་མ་ཡིན་རྣལ་འབྱོར་བརྒྱད་ཅུ་རྩ་བཞིར་མཉམ།།
ཡེ་གཞི་ཀ་དག་ཀུན་བཟང་ངོ་བོར་མངོན་སངས་རྒྱས་ལས་ཕྱིར་གསལ་སྣང་།།
ཁྱབ་གདལ་དགོངས་པའི་གསང་མཛོད་བརྡོལ་ལས་མདོ་རྒྱུད་རྒྱ་མཚོའི་མངའ་དབང་ཅན།།
ལེགས་བཤད་སྒྲ་དབྱངས་ཚིག་གཅིག་ལ་ཡང་དོན་མང་ཆོས་ཕུང་དྲང་ངེས་འབྱེད།།
རྨད་འབྱུང་ཚོགས་གཉིས་ཡེ་ཤེས་མཆོག་རབ་མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་རྒྱས།།
གཟུངས་སྤོབས་བློ་གྲོས་འོད་སྟོང་དྲ་བས་སྙིགས་རྒུད་བསྟན་པའི་མེ་རོ་གསོས།།
གངས་རིའི་ཁྲོད་ཀྱི་ཐུབ་བསྟན་མཛེས་རྒྱན་སྨྲ་བའི་སེངྒེ་ཁྱོད་ལས་སུ།།
ངོ་མཚར་རྣམ་ཐར་རྒྱ་ཆེ་གཏིང་ཟབ་མཁའ་དབྱིངས་ངག་ལམ་བསྟར་འོས་མིན།།
བསམ་གྱིས་མི་ཁྱབ་དགོངས་གསང་ཕུག་བརྟོལ་ཕལ་བློའི་ར་རིས་ནོགས་ལས་ཅི།།
དེ་ལྟར་ན་ཡང་གདུལ་བྱའི་བློ་ངོར་ཁམས་དབང་ལ་བསྟུན་གསུང་མཛོད་བཞུགས།།
གཟུར་གནས་མཁས་རྣམས་བརྟན་པ་འཕྲོག་ཅིང་སྐལ་བཟང་དགའ་བས་རྣམ་པར་རྩེན།།
སྐལ་པ་ལྡན་རྣམས་ཐོས་བསམ་སྒོམ་པ་མཐར་སོན་ཡར་ཟླའི་མཆེད་པོར་མཛོད།།
སྲིད་ཞིའི་སྣང་བྱེད་ཉི་མ་གཅིག་པུ་འཇམ་དབྱངས་བླ་མའི་རྗེས་འགྲོ་རྣམས།།
སླབ་གསུམ་ནོར་བུའི་མཛེས་པར་སྤྲས་ནས་དོན་གཉིས་དཔལ་དུ་ཆས་གྱུར་ཅིག།
སྐྱེ་ཞིང་སྐྱེ་བར་བྱང་ཆུབ་བར་དུ་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་ནས།།
གསོལ་འདེབས་སྨོན་པའི་འབྲས་བཟང་སྨིན་ཅིང་ཤིས་པའི་མེ་ཏོག་འཐོར་གྱུར་ཅིག།
ཅེས་པ་འདི་ནི་རིག་འཛིན་འདུས་སྡེའི་དྲྭ་འཕྲིན་ཐོག་ནས་མཁས་དབང་བསོད་ཕུན་ཞུ་བ་ནས་གུས་པ་ལ་ཚོད་ལྟ་རྩེད་མོའི་ཚུལ་དུ་བསྐུལ་བའི་ལན་དུ་སྨོན་པ་པོ་ནི་དོལ་ཤཱཀ་གོ།
ཡོང་ཁུངས། དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་ཚོམས་ཆེན་མོ།

thank you so much lhopon lha very good n great job
ReplyDeleteལགས་སོ་ལགས། སྙིང་ཐག་པ་ནས་བཀའ་དྲིན་ཆེ།🙏🙏🙏
Delete