རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 23 April 2020

དཔེ་ཀློག་གི་ཉིན་མོར་དཔེ་ཆ་ཅི་ཞིག་བཀླག

རྩོམ་པ་པོ། གྱི་ལིང་འཇིགས་མེད


    སང་ཉིན་འཛམ་གླིང་དཔེ་ཀློག་གི་ཉིན་མོ་རེད། དེ་ནི་འཛམ་བུ་གླིང་གི་མི་རྣམས་ལ་དཔེ་ཆ་ནི་བདེ་སྐྱིད་ཀྱི་ནོར་བུ་སྤུངས་པའི་བང་མཛོད་ཅིག་དང་འདྲ་བའི་རྒྱུ་མཚན་དེ་ཤེས་སུ་འཇུག་ཕྱིར་ཡིན་པ་ལས། ལོ་གཅིག་གི་ནང་ནས་གཏན་འཁེལ་གྱི་ཉིན་གཅིག་བུར་དཔེ་ཆ་བཀླགས་པ་ཞིག་གིས་ཅི་ཞིག་འཁྱོངས། དཔེ་ཆ་ནི་ང་ཚོའི་ཉིན་རེའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་ལོངས་སྤྱོད་ཅིག་སྟེ། ལུས་གསོ་བ་ལ་ཉིན་རེ་བཞིན་ཟས་ཟ་དགོས་པ་བཞིན་ནང་བསམ་བློ་གསོ་བ་ལ་ཉིན་རེ་བཞིན་མིག་དཔེ་ཆ་དང་འབྲལ་མི་རུང་། དེ་བས་དཔེ་ཀློག་གི་ཉིན་མོ་ནི་དྲན་སྐུལ་གྱི་ཉིན་མོ་ཞིག་ཡིན། 


དྲན་སྐུལ་གྱི་ཉིན་མོ་འདི་ལ་ངས་རང་གི་སློབ་མ་ཚོར་དཔེ་ཆ་ཞིག་མཚམས་སྦྱོར་བྱེད་འདོད་སོང་། དེ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་མཚན་སྙན་ཡལ་བ་མེད་པའི་དེབ་མཆོག་ཅིག་སྟེ། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་«དེབ་ཐེར་སྔོན་པོ་»ཞེས་པ་དེ་ཡིན། 

འགོས་ལོ་གཞོན་ནུ་དཔལ་ནི་དུས་རབས་བཅུ་བཞི་བའི་མི་ཞིག་སྟེ། སྤྱི་ལོ་ ༡༣༩༢ ལོར་ལྷོ་ཁ་ནས་འཁྲུངས་ཤིང་དགུང་ལོ་དགུ་བཅུ་གོ་གཅིག་བཞུགས། བོད་ཀྱི་མཁས་པ་ཞིག་ཡིན་ལ་དགུང་ལོ་ཆེས་བགྲེས་ཤོས་ཀྱི་གྲས་རེད། སྐུ་ཚེའི་སྨད་ལ་ཀུན་བཟང་རྩེའི་རི་ཁྲོད་དུ་བཞུགས་པས་ཕྱི་རབས་མཁས་པ་མང་བོས་ཁོང་གི་མཚན་ལ་ཡེ་བཟང་རྩེ་བ་ཞེས་ཀྱང་འབོད་ལ་གུས་བརྩི་ཤིན་ཏུ་ཆེ། 



     «དེབ་ཐེར་སྔོན་པོ་»ནི་སྤྱི་ལོ་ ༡༤༧༦ ལོར་དབུ་བཟུང་ཞིང་ ༡༤༧༨ ལོར་ཡོངས་སུ་བརྩམས་གྲུབ། དཔེ་ཆ་འདི་སྔར་ལྷ་ས་ཀུན་བདེ་གླིང་དུ་པར་རྙིང་ཞིག་བཞུགས་ལདེའི་མཛད་བྱང་རྟ་ཚག་ཡེ་ཤེས་བསྟན་པའི་མགོན་པོས་མཛད་པ་ལྟར་ནདེབ་སྔོན་འདི་སྔར་ཡངས་པ་ཅན་དུ་བཞུགས་པ་ཕྱིས་བལ་བོད་སྡེ་གཟར་ཏེ་ལོ་རྒྱུས་སུ་གོར་བོད་དམག་འཁྲུག་ཅེས་པ་ལངས་སྐབསདེབ་སྔོན་གྱི་དཔར་ཤིང་ལ་བོར་བརླག་ཐེབས་ཤིང་གང་སར་འཁྱར་བ་ལཕྱིས་ཆད་པ་ཁ་གསབ་དང་མི་གསལ་བ་རྣམས་དཔར་ཤིང་བསངས་ཏེ་ཀུན་བདེ་གླིང་དུ་བཞུགས། ཐོག་མར་པར་དུ་བཞེངས་ཚུལ་དེབ་སྔོན་རང་གི་མཇུག་ཏུ་གསལ། ཡང་ཀུན་བདེ་གླིང་དུ་བཞུགས་པ་དེ་ལ་ཕྱི་མོ་བཅོལ་ཏེམདོ་སྨད་ཀྱི་མདོ་སྔགས་ཆོས་སྒྲ་རྒྱུན་མར་སྒྲོག་པའི་དགའ་ཚལ་དགའ་ལྡན་ཆོས་འཁོར་གླིང་དུ་སླར་ཡང་པར་དུ་བརྐོས་པ་སོགས་འཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། 

དེ་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༡༩༨༤ ལོར་ལྷ་ས་ཀུན་བདེ་གླིང་གི་དཔེ་ལ་ཕྱི་མོ་བཅོལ་ཏེ་པར་དུ་བསྐྲུན་ཅིང་སྔར་གྱི་དཔེ་རྙིང་གི་པར་དང་བཅས་པ་མཚམས་སྦྱོར་གྱི་ཚུལ་དུ་དཔེ་ཆའི་དབུར་བཀོད་ཡོད་པར་མ་ཟདམཇུག་རྩོམ་དུ་ཨ་མདོ་མདོ་སྨད་ཆོས་གྲྭའི་ཤིང་པར་གྱི་པར་བྱང་ནིཞེས་པར་བྱང་བཀོད་པ་ལ་བརྟག་ནསྐབས་དེར་ཕྱི་མོ་གཉིས་ལ་གཏུགས་ཏེ་དཔར་རམ་སྙམ་མོདགསལ་བཤད་གཞན་མ་མཐོང་། ཉེ་ལམ་སླར་ཡང་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་སྔར་གྱི་ཀུན་བདེ་གླིང་གི་དཔེ་རྙིང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བ་བཅས་དཔེ་སྔ་ཕྱི་བསྡུར་ཏེ་དཔར་ཡོད། 

དེ་ཡང་དེབ་གཟུགས་སུ་བསྐྲུན་པའི་དཔེ་སྔ་ཕྱི་གང་ལའང་གླེགས་བམ་སྟོད་ཆ་སྨད་ཆ་གཉིས་བཞུགས་ལརྒྱབ་ཤ་སྔོན་པོ་བྱས་ཡོད་པསངག་རྒྱུན་དུའང་འགོས་ལོ་མཆོག་གིས་དེབ་འདི་མཛད་རྗེས་དཔེ་ཐུམ་སྔོན་པོ་ཞིག་གིས་གཅུད་པསམཚན་ལའང་དེ་ལྟར་ཐོགས་པར་བཤད་པ་ལྟར་བྱས་པ་ཡིན་ངེས། འོན་ཀྱང་བསྐྱར་དཔར་དཔེ་བཤུ་བྱས་པ་ཞིག་གིས་རྒྱབ་ཤོག་དམར་སྨུག་ཅིག་བྱས་འདུག་པསདང་བོར་དཔེ་ཐུམ་སྔོན་པོ་བྱས་མིན་གང་ལྟར་ཡང་དམར་སྨུག་དེ་མིག་ལ་མི་མཛེས་ཤིང་སེམས་ལ་མི་ལོབས་པ་ཞིག་རེད། 

«དེབ་ཐེར་སྔོན་པོ་»ནི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་ཆ་ཞིག་ཡིན་པ་ཕལ་ཆེར་ཀུན་གྱིས་ཤེས་པས་མཚམས་སྦྱོར་བྱེད་མི་དགོས་པ་ཞིག་རེད། འོན་ཀྱང་ཆོས་འབྱུང་ལོ་རྒྱུས་འདི་ནི་དུས་རབས་བཅོ་ལྔ་བའི་སྟོད་དུ་བརྩམས་པ་ཞིག་ཡིན་པས་ལོ་རྒྱུས་ཡིག་རྙིང་གི་གྲས་སུ་གཏོགས་པར་མ་ཟད། ཚིག་སྦྱོར་ཡང་ཤིན་ཏུ་ཡག་པསཉིན་ཧྲིལ་བོར་བཀླགས་ཀྱང་ཐང་ཆད་པའི་སྣང་བ་མི་འབྱུང་། ང་ལ་ལྟ་རྒྱ་ཆེན་པོ་མེད་མོད། འོན་ཀྱང་ངས་ད་སྔ་བཀླགས་མྱོང་བའི་ལོ་རྒྱུས་དཔེ་རྙིང་ཞིག་ལ་དེབ་སྔོན་ལྟ་བུའི་ཚིག་སྦྱོར་སྙན་མོ་ཞིག་ཕལ་ཆེར་གཞན་ནས་མཇལ་མ་མྱོང་། 

དེབ་འདི་ལ་ཁྱོན་ཆོས་འབྱུང་གི་རྩ་བ། རྒྱལ་རབས་བསྟན་པ་སྔ་དར་གྱི་སྐབས་དང་། བསྟན་པ་ཕྱི་དར་གྱི་སྐབས། གསང་སྔགས་སྔ་འགྱུར་གྱི་སྐབས། གསང་སྔགས་གསར་མ་ལམ་རྗེས་འབྲང་དང་བཅས་པའི་སྐབས། ཇོ་བོ་རྗེ་བརྒྱུད་པ་དང་བཅས་པའི་སྐབས། རྔོག་ལོ་པ་ཚབ་བརྒྱུད་པ་དང་བཅས་པ་དང་དབུ་ཚད། བྱམས་ཆོས་སོགས་ཇི་ལྟར་བྱུང་བའི་སྐབས། རྒྱུད་སྡེའི་བཤད་སྲོལ་ཇི་ལྟར་བྱུང་བའི་སྐབས། མངའ་བདག་ལོ་ཙཱ་བ་ཆེན་པོ་མར་བ་ནས་བརྒྱུད་དེ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པའི་སྐབས། ཀོ་བྲག་པ་དང་། ནི་གུའི་སྐབས། དུས་ཀྱི་འཁོར་ལོའི་སྐབས། ཕྱག་རྒྱ་ཆེན་པོའི་སྐབས། ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་སྐབས། གཅོད་ཡུལ་དང་ཁ་རག་པའི་སྐབས། ཐུགས་རྗེ་ཆེན་པོའི་སྐོར་དང་། རྡོ་རྗེ་ཕྲེང་བ་སོགས་ཀྱི་སྐབས། ཚོགས་སྡེ་བཞི་སོགས་དགེ་འདུན་གྱི་སྡེ་ཇི་ལྟར་བྱུང་བ་དང་། ཞུ་ལན། པར་དུ་བཞེངས་པའི་སྐབས་བཅས་ལེའུ་བཅོ་ལྔ་དང་། ནང་གསེས་སྐབས་སམ་སྡེ་ཚན་བརྒྱ་ཕྲག་ལོངས་པ་བཞུགས། 

དེབ་སྔོན་དུ་བོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་ཀྱི་བྱུང་བའི་ལོ་རྒྱུས་དང་བརྒྱུད་པའི་བླ་མ། མཛད་པའི་མཁས་པ་དང་བསྒྱུར་བའི་ལོ་ཆེན་སོགས་ཀྱི་མཛད་པ་རྣམ་ཐར་ཚང་མ་ཤིན་ཏུ་གོ་སླ་ཞིང་ཚིག་ཉུང་ངུར་བསྡུས་ཡོད་པར་མ་ཟད། ཡིད་འགུལ་ཐེབས་པའི་རྣམ་ཐར་དང་ངོ་མཚར་ཆེ་བའི་བྱུང་རབས་སོགས་བཀླགས་པའི་ཚེ་ནཡིད་དབང་འཕྲོགས་ཏེ་ལག་ནས་སར་འཇོག་མི་ཕོད་པ་ལྟ་བུ་ཞིག་ཡིན། 

གལ་ཏེ་དེབ་ཐེར་སྔོན་མོ་བཀླགས་མ་མྱོང་ན་བོད་ཀྱི་རིག་གནས་གཞན་ལྟ་ཅི། དེ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཙམ་ཡང་བཤད་མི་ཤེས་པས། དེབ་ཐེར་གཞན་པ་བརྒྱ་ཕྲག་བཀླགས་ཀྱང་སྙིང་བོ་མེད་པ་ལྟ་བུ་ཞིག་ཡིན། དེ་བས་རང་གི་རིག་གནས་ལ་ཤ་ཚ་ཞིང་རང་གི་ཡབ་མེས་ལ་དུང་བ་ཡོད་པ་ཞིག་ཡིན་ན། སྔོན་བྱོན་མེས་པོ་དག་གིས་དཀའ་སྤྱད་སྡུག་རུས་ཅི་ཙམ་མྱངས་ཏེངོ་མཚར་ཆེ་བའི་རིག་གཞུང་འདི་དག་ནང་འདྲེན་དང་དར་སྤེལ་བཏང་བའི་ལོ་རྒྱུས་དེ་དག་ཅི་ནས་ཀྱང་ཤེས་དགོས་ལ། དེ་ཤེས་པ་ལ་དེབ་སྔོན་འདི་ནི་ད་གཟོད་མི་ཀློག་ཐབས་མེད་ཀྱི་དེབ་མཆོག་གཅིག་པུ་ཡིན། 

ངས་ནམ་རྒྱུན་ཆིག་ལབ་ཀྱི་ཚུལ་དུ། དེབ་ཐེར་སྔོན་པོ་ཚར་གཅིག་བཀླགས་པ་ཡིས། །འཇིག་རྟེན་བྱུང་རབས་སྨྲ་ལ་དོགས་མི་དགོས། །དེབ་སྔོན་ཡོད་བཞིན་དཔེ་གཞན་འཚོལ་བ་ནི། །ཉི་འོད་ཡོད་བཞིན་མེ་འཁྱེར་འཚོལ་བ་འདྲ། ། ཞེས་ལབ་པ་ཡིན་ལ། དེབ་ཐེར་སྔོན་པོ་ཚར་གཅིག་མ་བཀླགས་པར་བོད་ཡིག་ཤེས་པ་དང་མིག་ཟུང་ཡོད་པའང་དོན་སྙིང་མེད་པར་གྱུར་བ་རེད་བསམ་ཞིང་རང་ཉིད་ཀྱིས་དེབ་སྔོན་ཚར་འགའ་མཇལ་ཐུབ་པ་བསོད་ནམས་ཆེ་ཞེས་རང་གིས་རང་ལ་བསྔགས་བརྗོད་བྱས་པ་ཡིན།

དེབ་སྔོན་མཇལ་རྒྱུ་ཡིན་མིན་དེ་མི་རང་རང་གི་རང་དབང་རེད། འོན་ཀྱང་མ་མཇལ་ན་མི་ཚེའི་གྱོང་གུན་ཆེན་པོ་ཞིག་ཡིན་པ་ཁོ་བོས་མནའ་ལ་བསྒྲེས་ནས་བཤད་ཕོད། ལྷག་ཏུ་དེབ་སྔོན་མཇལ་འདོད་པའི་སློབ་མ་དག་གིས་གླེགས་བམ་མཐུག་པོ་གཉིས་མཐོང་བའི་ཚེ་ན་དཔའ་ཞུམ་པའང་སྲིད་མོད། ཉིན་རེའི་ཆུ་ཚོད་ཉེར་བཞི་ལས་སྐར་མ་སུམ་ཅུ་སྟེ་ཆུ་ཚོད་ཕྱེད་ཀ་བཀོལ་ནས་དེབ་སྔོན་བཀླག་ན། ཟླ་བ་གཅིག་གི་ཡུན་ལ་གླེགས་བམ་གཉིས་པོ་རྫོགས་ངེས་པས་ཚོད་ལྟ་ཐེངས་ཤིག་བྱེད་ཆོག 

ལྷག་ཏུ་དེབ་སྔོན་ལྟ་བུའི་དེབ་མཆོག་ཅིག་ཚར་མང་དུ་ཡང་ཡང་བཀླག་ནརིང་བོ་མ་ལོན་པར་རིག་གནས་དང་ལོ་རྒྱུས། རྒྱལ་རབས་ཆོས་འབྱུང་སོགས་སྔོན་གྱི་བྱུང་བ་སྨྲ་བ་ལ་སྤོབས་པ་འཐོབ་ངེས་པར་མ་ཟད། མཁས་པ་མང་བོ་ཚོགས་པའི་དབུས་སུའང་གཏམ་སྨྲ་བའི་གོ་གནས་འཐོབ་པར་འགྱུར་ངེས། དེ་བས་ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན་དེབ་སྔོན་ཁོ་ན་ཚར་བཅུ་བཀླག་པར་ཞུ་ཞེས་ཀྱང་ཞུ་འོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།