རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 19 May 2020

དཔེ་ཆ་བ་རྣམས་ཀྱིས་མཁྱེན་དགོས་པ།

རྩོམ་པ་པོ། སློབ་དཔོན་ཆོས་འཕེལ་རྟ་རབ།

སངས་རྒྱ་ཉིད་ཀྱིས་ངའི་བཀའ་ལ་ཆ་བཞག་པའི་སྒོས་དད་མོས་མི་བྱེད་པར་དཔེར་ན།  གསེར་བརྟག་པ་ལ།  བསྲེགས། བཅད། བདར་བ་བཞིན་རིགས་པ་རྣམ་པ་གསུམ་གྱིས་ངེས་ཤེས་རྙེད་པའི་ཐོག་ནས་རྗེས་སུ་འབྲང་དགོས་པར་གསུངས་ཀྱང་། དེང་སང་གི་བོད་བརྒྱུད་ནང་བསྟན་འཛིན་མཁན་ཕལ་ཆེ་བ་དེ་ལས་ལྡོག་ནས། རང་གི་བླ་མ་ག་གེ་མོ་ཞིག་གིས་གཞུང་དེ་བཀའ་བསྟན་གཉིས་ལས་ལྷག་པ་དང་། གསུང་ཚད་མ་ཡིན་ཤག་ཤག་གི་ཆ་འཇོག་ཁོ་ན་ལས་རིགས་པས་བརྟག་བཤེར་སོང་པའི་སྒོ་ནས་འཇུག་པ་ཤིན་ཏུ་དཀོན།


        ཆོས་རའི་ནང་རྩོད་གླེང་གནང་སྐབས་ཀྱང་། རང་ཕྱོགས་དང་འབྲེལ་བའི་བླ་མ་དེའི་གཞུང་ལུགས་དང་མ་འགལ་བ་དམ་བཅའ་གཟུང་རྒྱུ་དེ་འགན་བབ་ཆེ་ཤོས་སུ་འཇོག་པ་ལས། རིགས་པས་གནས་ལུགས་དང་མཐུན་མི་མཐུན་བཀའ་བསྟན་གྱི་དགོངས་པ་ལོན་ཡོད་མེད་སོགས་དཔྱད་ར་གནང་གི་མེད། གཞན་ཞིག་གིས་བཀའ་བསྟན་གཉིས་ལ་དགག་བརྗོད་བྱས་ནའང་ཚོར་བ་མེད་ཅིང་མིག་བཙུམ་ནས་བློས་གཏོང་བྱེད་པར་ཡ་ང་མེད།  གལ་སྲིད་རང་གི་བླ་མ་དེའི་གཞུང་ལ་འཐད་མིན་དགག་སྒྲུབ་གྱི་དཔྱད་ར་འཚོལ་མཁན་འདྲ་བྱུང་ན། ལྟ་ལོག་དམ་ཉམས་སོགས་སྨ་འབེབས་ཚད་ལས་འགལ་བ་བྱེད། དེ་ནི་འཕགས་ཡུལ་ནྭ་ལན་དྲ་དང་མ་འདྲ་བའི་ཁྱད་པར་འཇོག་ཆོག  

ནཱལེནྡྲ་ཡིན་ན་ཐོག་མར་རིགས་པས་བརྟགས་ཤིང་དཔྱད་དེ་གནོད་བྱེད་མེད་ན་ལེན་པར་བྱེད་ཀྱི།  ཆ་བཞག་པའི་ཐོག་ནས་འཇུག་གི་མེད། གལ་ཏེ་རིགས་པས་གནོད་པ་ཡོད་ན་རང་གི་དགེ་རྒན་ནམ་བླ་མ་ལའང་དགག་པ་མཛད་ཡོད། དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས།  རང་གི་རྒན་འདུན་བཟང་ལ་དགག་བརྗོད་མཛད་པ་དང་། ཕྱོགས་གླང་གིས།  རང་གི་རྒན་གླང་པོ་བྱིན་དགག་པ་མཛད་པ་དང་། ཆོས་གྲགས་ཀྱིས།  རང་གི་རྒན་དབང་ཕྱུག་སྡེ་ལ་དགག་པ་མཛད་པ་སོགས་འདི་འདྲ་མང་དུ་བྱུང་བ་ཀུན་ལ་སྙན་གྲགས་འབར་བ་མ་གཏོགས་ལྟ་ལོག་དམ་ཉམས་ཀྱི་མིང་ཐོགས་མེད།  འདི་ནི་རྟོན་པ་སྒོ་མ་ལྡོག་པ་དང་བསམ་བློ་དཀྱེལ་ཡངས་ཡོད་པ་མཚོན།

ང་ཚོ་བོད་གངས་ལྗོངས་སུ་སྔོན་གྱི་ལོ་པ་བཀྲིན་ཅན་རྣམས་དང་། འཇམ་དབྱངས་རྣམ་གསུམ་སོགས་སྐྱེས་ཆེན་དམ་པ་མང་པོས་ཐོས་བསམ་ཉམས་བཞེས་མཛད་ཚུལ་ནི་དེ་དག་དང་མཐུན་ཡིན། དཔེར་ན། རོང་ཀློང་གཉིས་ཀྱི་གཞུང་ལ་བསམ་ན་བཀའ་དང་བསྟན་བཅོས་ཁོ་ན་ལ་ཁུངས་གཏུགས་གནང་བ་ལས། རང་གི་བླ་མའི་གསུང་རྣམས་དྲངས་ནས་དེའི་དགོངས་པ་བསྒྲུབ་རྒྱུ་དེ་གཙོར་གཟུང་མ་མཛད་པ་ཆེས་གསལ་པོ་རེད།  

དེང་སང་གི་རྒྱུན་འཛིན་རྣམས་ནི་གང་ཟག་གཙོ་བ་ལས་ཆོས་ལ་བརྟགས་བཤེར་འཇུག་པ་དཀོན་པོར་འགྱུར། དཔེ་མཚོན་ཞིག་བཀོད་ན འདི་ཆོས་ཅན། རང་ལུགས་ཡིན་ཏེ། རང་གི་བླ་མ་ག་གེ་མོ་ཞིག་གིས་གསུངས་པའི་ཕྱིར་ཞེས་ཁུངས་སུ་འདྲེན་པ་ལསརང་གི་གོ་སྟོབས་ཀྱི་སྒྲུབ་བྱེད་རིགས་པ་སྣ་གཅིག་ཁྱེར་རྒྱུ་མེད་པ་དེ་འདྲ་མང་།  དེ་འདྲ་ཡིན་ན་རྒྱ་གཞུང་འདི་དང་འགལ་ཟླ་འདུག་ཞེས་བརྩད་ན།  རྒྱ་གཞུང་ནི་པོ་ལི་བཞིན་གར་ཐེན་རེད་ལབ་མཁན་ཡང་མཐོང་སོང་།  སྤྱིར་བཏང་བོད་ཀྱི་ཕྱི་རབས་མཁས་པ་ཕལ་ཆེ་བ་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ལས་མ་བརྟགས་མཐོ་འཆོང་བྱེད་ལ་དགའ།  

དེ་ཡང་སོམས་དང་བོད་འདིར་དབུ་མ་འཇུག་པ་བསྒྱུར་ནས་བཟུང་ཚང་མ་ཐལ་འགྱུར་གྱི་གྲུབ་མཐའ་འཛིན་པ་ཤ་སྟག་ལས་རང་རྒྱུད་པ་དང་།  སེམས་ཙམ་གྱི་ལྟ་གྲུབ་འཛིན་པ་གཅིག་ཀྱང་ཕལ་ཆེར་བྱུང་མེད་ཚོད།  རྒྱ་གར་པའི་ཡུལ་དུ་ནི་རང་བློ་གྲོས་ཀྱི་ནུས་པ་དང་འཚམས་པར་མ་ཉན་ཐོས་ནས་ཡ་ཐལ་འགྱུར་གྱི་ལྟ་གྲུབ་འཛིན་མཁན་ཡང་སོ་སོར་བྱུང་ཞིང་། ལྷག་པར་དུ་དབུ་མ་རྩ་བ་ཤེས་རབ་ལྟ་བུ་གཞུང་གཅིག་ལའང་། འགའ་ཞིག་གིས་རང་རྒྱུད་པར་བཀྲལ་བ་དང་། ལ་ལས་ཐལ་འགྱུར་དུ་བཀྲལ་བ་དང་། ཁ་ཅིག་གིས་སེམས་ཙམ་དུ་བཀྲལ་བ་སོགས་གང་ཟག་སོ་སོའི་རྣམ་དཔྱོད་ཀྱི་ནུས་པ་རྩལ་བཏོན་གནང་བ་ལ་བརྟེན་ནས་ལྟ་གྲུབ་ཀྱང་མི་མཐུན་པ་བྱུང་བ་རེད་སྙམ། ཡང་ན་བོད་མི་རྣམས་དབང་པོ་རྣོ་དྲགས་པས་ཐམས་ཅད་ཐལ་འགྱུར་གྱི་དགོངས་ཕུགས་ལོན་པ་དང་། ཡང་ན་མ་བརྟགས་མཐོ་འཆོང་ལ་དགའ་བས་ཐལ་འགྱུར་པ་འཆོང་བ་གང་རུང་ལས་འགྲོ་ས་མིའདུག  ཧཧཧཧཧཧ། རྟ་རབ་གྲ་ཆོས་འཕེལ་གྱིས་ ༢༠༡༨།༠༨།༠༤ རེས་གཟའ་སྤེན་པའི་ཉིན་བྲིས།

ཡོངས་ཁུངས། རྩོམ་པ་པོའི་འཕྲིན་རྒྱབ་ཀྱི་པར་རིས་ལས་ཡིག་གཤེར་གྱིས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།