རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 26 May 2020

མཆོད་རྟེན་རྣམ་དག་གི་དོན་གསལ་པོར་བཤད་པ།

མཆོད་རྟེན་རྣམ་དག་གི་དོན་གསལ་པོར་བཤད་པ་དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེས་མཛད་པ་བཞུགས།

ཀ༽ སྤྱིར་མཆོད་རྟེན་གྱི་རྣམ་བཞག་བཤད་པ།

མཆོད་རྟེན་ཞེས་པ་འདི་ནི་གཙོ་བོ་སངས་རྒྱས་ཀྱི་ཐུགས་ལ་གོ་དགོས། དེའང་ཆོས་སྐུ་དང། ལོངས་སྐུ་དང། སྤྲུལ་སྐུ་བཅས་ཀྱི་རྟེན་གསུམ་དུ་དབྱེ་བ་ལྟར་ན། སྤྱི་མིང་བྱེ་བྲག་ལ་བཏགས་པའི་དབང་དུ་བྱས་པ་སྟེ། དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གྱི་ནང་ནས། འགྲོ་བའི་དོན་དུ་བྱོན་པར་མངའ་བའི་རྟེན་འདི་ཉིད་ལའང། ནང་གསེས་ཀྱི་སྒོ་ནས་སྒྲས་བརྗོད་རིགས་ཀྱི་དབྱེ་ན། རྣམ་གྲངས་ལྔ་ཙམ་ཀྱི་ཁོངས་སུ་འདུ་ལ། དེ་ལ་དང་པོ་རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་དང་གཅིག བླ་ན་མེད་པའི་མཆོད་རྟེན་དང་གཉིས། བྱིན་གྱིས་བརླབས་པའི་མཆོད་རྟེན་དང་གསུམ། དངོས་གྲུབ་འབྱུང་བའི་མཆོད་རྟེན་དང་བཞི། ཐེག་པ་སོ་སོའི་མཆོད་རྟེན་དང་ལྔ་ཡོད་པ་ལས། 


དང་པོ་རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་ནི། ལུང་མཆོག་བླ་མ་ལས། གླིང་བཞི་རྒྱས་པའི་རྨང་བཏིང་ནས། རི་བརྒྱད་དག་གི་བང་རིམ་བརྩེགས། ཤིང་ཆེན་བུམ་པས་ཡོངས་མཛེས་པ། སྟོན་པའི་སྐུ་གདུང་འབྱུང་བའོ། །ཞེས་གླིང་བཞི་རྨང་།   གསེར་རི་བདུན་རི་རབ་དང་བཅས་པ་བང་རིམ། ཡོངས་འདུའི་ལྗོན་ཤིང་བུམ་པ་སྟེ། དེ་དག་འདུས་པ་ལ་ཕྱི་སྣོད་ཀྱི་མཆོད་རྟེན་དུ་བཤད་པ་དང་། ཡང་དེ་ཉིད་ལས། ཀུན་གཞི་ཁྱབ་བརྡལ་རྨང་བཏིང་ནས། རྣམ་ཤེས་བརྒྱད་ཀྱི་ཀ་བ་བཙུགས། རིག་པ་ཕྱི་ཡི་བང་རིམ་ཅན། བདག་ཉིད་ཆེ་ཡི་བུམ་པ་དྲིལ། རང་བཞིན་གཡོ་བའི་སྐུ་གདུང་ཡིན། ཞེས་ཀུན་གཞི་རྨང་། རྣམ་ཤེས་ཚོགས་བརྒྱད་ཀ་བ། དབང་པོ་ལྔ་བང་རིམ། གཙོ་སེམས་ཡིད་ཀྱི་རྣམ་ཤེས་བུམ་པ་སྟེ། དེ་རྣམས་བསྡོམས་པ་ལ་ནང་བཅུད་ཀྱི་མཆོད་རྟེན་དུ་བཤད་བ་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། འདོད་ཁམས་རྨང་གི་རི་མོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་འདོད་ཁམས་རིགས་དྲུག་རྨང་། གཟུགས་ཁམས་གནས་རིགས་བཅུ་བདུན་བང་རིམ། གཟུགས་མེད་སྐྱེ་མཆེད་མུ་བཞི་བུམ་པ་སྟེ། ཁམས་གསུམ་ལ་མཆོད་རྟེན་དུ་བཤད་པ་དང་། དེ་དང་མཐུན་པར་གུ་རུ་རིན་པོ་ཆེ་དང་མ་ཧཱ་པཎྜི་ཏ་སྨྲི་ཏིས་སྣོད་བཅུད་ཐམས་ཅད་བསྡོམས་པ་ལ་མཆོད་རྟེན་དུ་བཤད་པ་ལྟ་བུའོ། །དེ་བཞིན་དུ་སྔགས་ལས་སྣང་སྲིད་གཞིར་བཞེངས་སོགས་དང་།   ལྷ་བཙུན་ཆེན་པོས།   དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཁྱེད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས། །གསུངས་པ་དང་དོན་ཚུངས་ཤིང་དབྱིབས་འདྲ་བ་ཁོ་ནའོ།   །རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་བཤད་ཟིན་ཏོ།།


གཉིས་པ་བླ་ན་མེད་པའི་མཆོད་རྟེན་ནི། ཐེག་ཆེན་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་བརྩེགས་པའོ། །ཞེས་ཤར་ལུས་འཕགས་གླིང་དུ་བྱམས་པ་ཚད་མེད་ཀྱི་ངོ་བོ་རྡོ་རྗེ་དུ་མ་བརྩེགས་པའི་མཆོད་རྟེན་སོགས་ཚད་མེད་བཞིའི་ངོ་བོ་མཆོད་རྟེན་བཞིའོ། །ཕྱི་ལྟར་དུ་གླིང་བཞིར་ཡོད་པ་དང་།  ནང་ལྟར་དུ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས་རྒྱུད་ལ་གནས་ཡོད་པ་དང་། གསང་བ་ལྟར་ན་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་བཞི་སྦྱོར་གྱི་རང་བཞིན་ལྷན་སྐྱེས་སུ་མངའ་བ་སོགས་ལ་དགོངས་པའོ། །བླ་ན་མེད་པའི་མཆོད་རྟེན་བཤད་ཟིན་ཏོ།།


གསུམ་པ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་བརླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་ཤར་ལུས་འཕགས་གླིང་ན་བྱམས་པ་བསོད་ནམས་སྟོབས་དང་།    མཐར་ལེགས་གཡུང་དྲུང་རྟོགས་པ་གཉིས། ལྷོ་འཛམ་བུ་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྱིས་གྲུབ་པ་གཉིས། ནུབ་བ་གླང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་ཀྱི་མཆོད་རྟེན་བཅས་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་། ཁམས་གསུམ་བདེ་རྒྱས་སྒྲོལ་མའི་མཆོད་རྟེན་གཉིས་ཏེ་བརྒྱད་བཞུགས་པ་རྣམས་སོ།  །སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་མཆོད་རྟེན་བཤད་ཟིན་ཏོ།། 


བཞི་པ་དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་དག་རྟེན་གནས་ཆེན་མོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་པས། མ་གདྷར་བདེ་བྱེད། སིངྒ་ལར་རི་བོ་ཏཱ་ལ། བལ་ཡུལ་དུ་བྱ་རུང་ངམ། ཡང་ན་བྱ་ཁྲི་ཁ་ཤོར།    སིངྒའི་གླིང་དུ་གེའུ་དོ་ཤན། ལི་ཡུལ་དུ་གོ་མཱ་སཱ་ལ་གནྡྷ། ཁ་ཆེར་ཀན་ཀན། ཟ་ཧོར་དུ་བདེ་བྱེད་གཞོན་ནུའི་མཆོད་རྟེན་ཏེ། སྔོན་སྟོན་པ་ཧེ་རུ་ཀས་དྲག་པོ་ཆུང་མ་དང་བཅས་པ་བཏུལ་བའི་ཚེ། ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་གནས་མཆོད་རྟེན་བརྒྱད་བཞུགས་པ་རྣམས་ཡིན་ལ། གསང་སྔགས་དཀྱིལ་འཁོར་གྱི་མཐའ་བསྐོར་དང། སྒྲུབ་ཆེན་བཀའ་བརྒྱད་སོགས་ལས་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་དང་དོན་མཐུན་པ་ཡིན་ནོ། །དངོས་གྲུབ་འབྱུང་བའི་མཆོད་རྟེན་བཤད་ཟིན་ཏོ།།


ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་ནི། ཉན་ཐོས་ཀྱི་མཆོད་རྟེན་ཆོས་གོས་བཞི་ལྟབས་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་མཆོད་རྟེན་རྨང་གྲུ་བཞི། ངོས་ཟླུམ་པོ།   བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན། ཐེག་པ་ཆེན་པོའི་མཆོད་རྟེན་ལ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་གྱི་རྟོགས་པ་ལས། ཐུབ་པའི་མཆོད་རྟེན་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞེས་པ་དབྱིབས་ཟླུམ་པོ་ཁང་བུ་ལྟ་བུ་ཞེས་པ་དབྱིབས་གྲུ་བཞི། རྒྱལ་མཚན་ལྟ་བུ་ཞེས་པ་དབྱིབས་རྒྱལ་མཚན་ལྟ་བུ་བང་རིམ་ཅན་ཏེ་རྣམ་གྲངས་གསུམ་དུ་བཤད་པ་དང། གཞན་ཡང་འདུལ་པ་ལུང་ལས། འཁོར་ལོ་ལ་གདུགས་དང། གདུགས་ལ་ཆར་ཁེབས་ཀྱི་མིང་མཛད་ནས། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བཅུ་གསུམ་ཆར་ཁེབས་མེད་པ་དང། ཉན་ཐོས་ལ་འབྲས་བུའི་གྲངས་ལས་བགྲངས་པའི་གདུགས་ཀྱི་གྲངས་རེ་རེ་ལྷག་་པ་ཆར་ཁེབས་མེད་པ་དང་།   སོ་སོའི་སྐྱེ་བོ་ལ་གདུགས་མེད་པ་བུམ་པའི་སྟེང་དུ་བྲེ་བཞག་པ་ཙམ་དང་། རྫོགས་པའི་སངས་རྒྱས་ལ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་བཅས་མཚན་ཉིད་ཀུན་ཚང་བར་གསུངས་ཏེ།  སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱིས། ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཞེས་བྱ་བ། རྫོགས་སངས་རྒྱས་ལ་རྣམ་ཀུན་ཡོངས་རྫོགས་ཏེ།    ཤཱཀ་ཐུབ་མཆོད་རྟེན་བརྒྱད་དུ་གྲགས་པ་དང་། རང་སངས་རྒྱས་ལ་ཆར་ཁེབས་མེད་པ་དང་།  ཉན་ཐོས་འབྲས་བུ་བཞི་ལ་འབྲས་བུའི་གྲངས། སོ་སོའི་གདུགས་ཀྱི་རིམ་པར་བྱ་བ་དང་། སོ་སྐྱེ་ལ་ནི་བྱི་བོ་ཞེས་བྱ་བ།    གདུགས་མེད་བུམ་པའི་སྟེང་དུ་བྲེ་ལྡན་ཏེ།  ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་རྒྱུད་སྡེ་ཆེན་པོ་བཞི་ལ་སོ་སོའི་ལུགས་ཀྱི་མཆོད་རྟེན་གྱི་ཁྱད་པར། བྱ་སྤྱོད་གཉིས་ལ་བང་རིམ་ནང་དུ་བཅུག་པ་དང་། ཕྱིར་གྱེད་པ།   དབུས་མ་འབུར་བ་ལ་མཐའ་གཉིས་ནང་དུ་རུབ་པ། འཁོར་ལོ་བཅུ་གཉིས་པའི་རྣམ་པ་ཅན་དུ་གསུངས་པ་དང་།   ཡོ་གའི་མཆོད་རྟེན་རྡོ་རྗེ་བརྩེགས་པའི་རྒྱུད་ལས་གསུངས་པ་རྣམས་དང་། བླ་མེད་ཀྱི་མཆོད་རྟེན་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བདུད་འདུལ་མེད་པའི་མཆོད་རྟེན་ལ་སོགས་པ་ཡིན་ལ། དེ་ལྟ་བུའི་མཆོད་རྟེན་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མང་ཡང་། ཐེག་པ་ཆེན་པོའི་ལུགས་འདི་གཙོ་ཆེ་བ་བྱེད་དགོས་པ་ཡིན་ནོ། །ཞར་བྱུང་དུ་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་འདི་ནས་རིམ་པར་འཆད་པར་བྱེད་པ་ལ།


ཁ༽ མཆོད་རྟེན་ཞེས་པ་འདི་སངས་རྒྱས་ཀྱི་བདག་རྐྱེན་ཁོ་ན་ལས་བྱུང་ཚུལ་བཤད་པ།

དེ་ལ་མཆོད་རྟེན་ཀུན་གྱི་འབྱུང་ཁུངས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལས་བྱུང་པ་ཞིག་ཡིན་ཀྱང། དེའི་གཞི་རྩ་ངོ་མ་འམ་གཙོ་བོ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྩལ་ལས་རང་བྱུང་རང་ཤར་གྱི་ཚུལ་དུ་རང་བྱུང་བའོ། །ལུང་གི་ཁུངས་ནི་ཚིགས་སུ་བཅད་པ་བཞི་པ་ལས། དཀོན་མཆོག་གསུམ་ལ་འཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་བཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང། །གང་དུ་བྱང་ཆུབ་ལ་རེག་དང་། ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱང་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་གསུངས་པའི་དོན་ནི། བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས་སོགས་སྟོན་པའི་གནས་དང་། བདེ་གཤེགས་མཆོད་རྟེན་བརྒྱད་སོགས་མཛད་པ་འགངས་ཆེའི་རྣམ་ཐར་དང་མཐུན་པའི་སྒོ་ནས། བདག་ཅག་གི་སྟོན་པའི་དྲན་གསོའི་མཆོད་རྟེན་འདི་རྣམས་བོད་བརྒྱུད་ནང་པའི་མི་དམངས་མང་ཚོགས་ཕལ་ཆེར་ནས་མཁྱེན་རྟོགས་ཐུབ་ཀྱི་ཡོད་པས། འདི་ཀུན་རྫོབ་ལྟར་གྱི་མཆོད་རྟེན་ཡིན་པས་ཀུན་ལ་གྲགས་ཆེ། སངས་རྒྱས་ཀྱི་ཐུགས་མཚོན་བྱེད་དམ་ཡང་ན་ཐུགས་ཀྱི་ཚབ།  ཕལ་པས་དྲན་རྟེན་རྡོ་རིང་གི་དཔེ་བཞིན་ནོ། །དོན་དམ་ལྟར་ན། སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །ཞེས་པ་འདིའི་དོན་དམ་ཐུགས་ཀྱི་མཆོད་རྟེན་རྣམ་དག་སྟོན། དེ་བཞིན་དུ་ཚིགས་སུ་བཅདཔ་གཅིག་པ་ལས་ཀྱང། དོན་དམ་ཐུགས་ཀྱི་མཆོད་རྟེན་སྤྲོས་བྲལ་ཉག་གཅིག་ཏུ་སྟོན་ཡོད་ཏེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། འཇིག་རྟེན་འདིནའང་ཡོད་པ་མ་ཡིན། རྣམ་ཐོས་ཀྱི་བུ་ཡི་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ། ཕྱོགས་དང་ཕྱོགས་ཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད།    གསུངས་པ་འདི་ཐུགས་སྤྲོས་བྲལ་ཡེ་དག་ཆེན་པོའི་གནས་ལུགས་དོན་དམ་པའི་མཆོད་རྟེན་རྣམ་དག་སྟོན་པ་ཡིན་ནོ། །འདི་དོན་གསང་སྔགས་ལྟར་དུ་བྱས་ནས་བཤད་ཀྱང་འགལ་པ་མེད་དོ།།


ཐེག་ཆེན་སྤྱི་འམ་ཡང་ན་དབུ་མ་པའི་ལུགས་ལྟར་ན་འདི་ལྟར་དུ་ཤེས་དགོས་ཏེ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་འཛིན་པ། །ལོག་པའི་ལམ་དུ་ཞུགས་པ་ཡིན། །སྐྱེས་བུ་དེ་དག་ང་མི་མཐོང་། །ཞེས་གསུངས་པ་དེའི་དོན་སྤྱོད་འཇུག་ལས་ཀྱང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པ་ལྟར། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་བྲལ་བྱང་ཆུབ་ཀྱི་སེམས་ཉིད་དེ་ལ། ཐུགས་རྣམ་པར་དག་པའི་མཆོད་རྟེན་ཞེས། འཛམ་བུ་གླིང་དུ་སངས་རྒྱས་པའི་ཚུལ་སྟོན་ཕྱིར་སྔོན་ནས་ལུང་བསྟན་པ་ཡིན་ནོ། །དེ་ཡང་ལངྐར་གཤེགས་པ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་ཡེ་ནས་སངས་རྒྱས་ཟིན་པའི་རྣམ་དག་ཐུགས་ཀྱི་མཆོད་རྟེན་དད་པ་དང་དག་སྣང་ཁོ་ནའི་སྤྱོད་ཡུལ་དུ་སྒྲུབ་ཟིན་ཀྱང་། རྩོད་དུས་འདུལ་ཕྱིར་རྣམ་དག་མཆོད་རྟེན་གྱི་ཐུགས་དེ་སླར་ཡང་། སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་པ་འདི་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་ལུང་སྟོན་པ་ཡིན་ནོ། །འདི་དག་གཞན་ཕན་གཞི་བཅས་སྒྲུབ་པའི་ཐུགས་ལའང་འབྲེལ་ཆོག་པར་སྣང་ངོ་།།       


ཡང་ཐེག་པ་སྤྱིའི་ལུགས་སམ་ཉན་རང་དང་མཐུན་པའི་དབང་དུ་བྱས་ནས་བཤད་ན། མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། ཞེས་པ་སོགས་ནི་གཞན་གནོད་གཞི་དང་བཅས་པ་སྤོང་པར་འདོད་པའི་དམ་བཅའ་སྟེ། སྔོན་གྱི་སྨོན་ལམ་གྱི་མཐུ་རབ་ཏུ་སད་པར་བསྐུལ་བས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ངེས་འབྱུང་བརྟན་པོའི་ཐུགས་དེ། མ་འོངས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་རྣམས་ཐམས་ཅད་ཀྱི་རེ་ས་དང་ལྟོས་སའི་ཕྱག་དང་མཆོད་ཡུལ་དམ་པར་གྱུར་པའི་རྟེན་ཡིན་པས་ན། མཆོད་རྟེན་རྣམ་དག་དུ་གྲགས་སོ། །རྒྱལ་བ་རང་ཉིད་ཀྱང་ཚུར་མཐོང་གི་ངོར་དེ་ནས་བཟུང་ཏེ་ཐུགས་ངེས་འབྱུང་རྣམ་པར་དག་པ་ཕུལ་དུ་ཕྱིན་པའི་བློ་མཆོག་སྐྱེས་ནས་འདི་སྐད། རྒ་དང་ན་དངའཆི་གྱུར་པ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་ཅིས་མི་དགའ། །ཅེས་གསུངས་ནས་ཐུགས་ངེས་པར་འབྱུང་ནས་མཆོད་པའི་རྟེན་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ། མདོར་ན་དཀོན་མཆོག་རྗེས་དྲན་ལས། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །ཞེས་པ་སོགས་ལས་བྱུང་པའི་མཆོད་རྟེན་རྣམ་དག་གི་དོན་དོལ་པོ་ཤཱཀྱ་རྒྱལ་མཚན་པས་ཧམ་ཤོབ་འདྲེས་པའི་གཏམ་དུ་སྨྲས་པ་དེ་རེ་ཞིག་རྫོགས་པར་བྱས་སོ།།


དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་ཚོམས་ཆེན་མོ་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།