རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 31 May 2020

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

མཁས་དབང་ཚུལ་ཁྲིམས་བློ་གྲོས།


རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

དང་པོ། སློབ་མ་རྣམས་ཀྱིས་དགེ་རྒན་ལ་གུས་པ་དང་བཀུར་བསྟི་ལེགས་པོ་དགོས་ཏེདགེ་རྒན་བཟང་པོ་ནི་སློབ་མ་རྣམས་ལ་བླང་དོར་གྱི་མིག་འབྱེད་པ་དང་། ཤེས་རབ་ཀྱི་ནོར་སྟེར་བ་མདུན་ལམ་གྱི་སར་འཁྲིད་པ་པོ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན། དགེ་རྒན་ལ་གུས་ན་རང་རྒྱུད་ལ་ཡོན་ཏན་འགོ་ཞིང་ཡ་རབས་ཀྱི་སྤྱོད་པ་མཚོན། ཆོས་དང་འཇིག་རྟེན་གྱི་ལུགས་དང་མཐུན་པ་ཡིན། དགེ་རྒན་ལ་བཀུར་སྟི་ཞེས་པ་ནི་གཙོ་བོ་དགེ་རྒན་གྱི་ཞལ་ལ་ཉན་ནས་སྤྱོད་པ་བཟང་པོ་ལ་གནས་ཤིང་རིག་གནས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དེ་ཡིན་ནོ།།


གཉིས་པ། སློབ་གྲོགས་ནང་ཕན་ཚུན་དུ་མཐུན་སྒྲིལ་དང་བྱམས་སྐྱོང་བྱ་དགོས་ཏེ། སློབ་གྲོགས་རྣམས་ནི་དགེ་རྒན་གཅིག་ལ་བསྟེན་ཞིང་སློབ་གྲྭ་གཅིག་ཏུ་གནས་པསཕ་མ་གཅིག་དང་ཁྱིམ་ཚང་གཅིག་པའི་སྤུན་ཟླ་ལྟ་བུ་ཡིན་ཞིང་། ཤེས་རིག་ཡོན་ཏན་སྦྱོང་བའི་གནོད་མེད་ཀྱི་ཟླ་བོ་ཡིན་པར་མ་ཟདམི་ཡུལ་གྱི་གྲོགས་པོ་དང་པོའང་ཡིན་པསཕན་ཚུན་སེམས་ཀྱི་ནང་ནས་བྱམས་བརྩེ་དང་། ལུས་ངག་གིས་རོགས་རམ་དང་ཕན་པ་ཅི་ནུས་བསྒྲུབས་ཏེ་གཅེས་སྐྱོང་བྱ་དགོས། བྱིས་པའི་དུས་ནས་མི་གཞན་ལ་ཕན་སེམས་དང་རོགས་རམ་བྱ་བར་སློབ་སྦྱོང་དང་གོམས་པར་བྱས་ནཕྱིས་སུའང་སྤྱི་ཚོགས་ཐོག་ཏུ་མི་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་མཐོང་ཆེན་བྱས་ནས་སྐྱེ་བོ་རྣམས་ལ་ཕན་ཐོག་པ་ཞིག་ཏུ་འགྱུར་རོ།།


གསུམ་པ། སློབ་གྲྭར་འགྲིམ་པའི་དུས་ཚོད་ནིལོ་གཅིག་ལ་དཔྱིད་ཀྱི་དུས་གཅིག་མ་གཏོགས་མེད་པ་དང་འདྲ་བསདུས་ཚོད་དེ་ཤོར་སོང་ན་ནས་གྲོ་སོགས་ལོ་ཏོག་འདེབས་པའི་དུས་མེད་པ་ལྟ་བུ་ཡིན། བོད་ཀྱི་སློབ་མ་རྣམས་ཀྱིས་ཐོག་མ་བོད་ཀྱི་ཡི་གེ་འབྲི་བ་དང་ཀློག་པ་ཁོ་ནར་ལེགས་པར་སྦྱང་བར་བྱ་དགོས། དེའང་ཀློག་ཚུལ་ལ་སྒྲ་གདངས་དག་པ་དང་ཅི་ནུས་ཀྱིས་བོད་སྤྱིའི་གཅིག་འགྱུར་ལ་བརྩོན་དགོས། སུམ་རྟགས་རྩ་བ་སོགས་བརྡ་སྤྲོད་ཀྱི་བསྟན་བཅོས་དང་གཞན་ཡང་སྐར་རྩིས་དང་མངོན་བརྗོད་སོགས་གཞུང་གི་རྩ་བ་ཉེ་བར་མཁོ་བ་རྣམས་བློ་ལ་གཟུང་དགོས་ཏེ། བྱིས་པའི་གནས་སྐབས་འདི་བློ་འཛིན་གྱི་དུས་མ་ནོར་བ་ཡིན་པས་ཅིས་ཀྱང་གོ་སྐབས་མ་ཤོར་བ་གལ་ཆེ། དེ་ནས་རྒྱ་སྐད་སོགས་སྐད་རིགས་གཞན་པ་རྣམས་ལ་བསླབ་པར་བྱ་ཞིང་། དེའང་སྒྲ་གདངས་དག་པ་དང་སྤྱིའི་སྐད་ཡིག་དང་ནང་དོན་ལ་བསླབ་དགོས་ཀྱི། བཀླག་ཤེས་པ་ཙམ་གྱིས་ཕན་པ་ཅི་ཡང་མེད། དེ་ནས་རིམ་གྱིས་གནའ་དེང་གི་རིག་གནས་རྣམས་ལ་བསླབ་པར་བྱའོ།།


བཞི་པ། ཟས་བཟའ་བའི་ཚེ་ན་ཐོག་མར་ལག་པ་དང་ཕོར་བ་བཀྲུ་བར་བྱ་ཞིང་། དེ་ནས་ཟས་ལེན་པའི་ཚེ་རང་གིས་ཅི་ཙམ་བཟའ་བའི་ཚོད་ཙམ་ཞིག་ལས་བཟའ་མི་ཐུབ་པའམ་མི་དགོས་པའི་ལྷག་པོ་མང་པོ་མི་བླང་། གལ་ཏེ་ཕོར་བའི་ནང་དུ་བླངས་ཟིན་ན་ཅིས་ཀྱང་གཙང་མར་བཟའ་དགོས་ཀྱིབཟའ་ལྷག་ས་ལ་འཕོ་བ་དང་ཕོར་བའི་ནང་དུ་བསྐྱུར་ནས་འགྲོ་བ་ནི་གཏན་ནས་བྱ་མི་རུང་། མར་རྩམ་དང་འབྲས་ཆན་དང་ཚོད་མ་སོགས་བཟའ་བཅའི་རིགས་གང་ཡིན་ཐམས་ཅད་བསྲི་དགོས། བསྲི་ཞེས་པ་རང་ལ་དགོས་ངེས་ཙམ་མ་གཏོགས་ལྷག་པོ་ཅུང་ཟད་ཀྱང་འཕྲོ་བརླག་ཏུ་མི་གཏོང་བའི་དོན་ཡིན། བཟའ་དགོས་པ་ལས་གཞན་མགོ་སྔས་སུ་བྱེད་པ་དང་མལ་ཁྲིའི་འོག་ཏུ་གཞུག་པ་དང་རིལ་པོར་དྲིལ་ནས་སྒྱེའུ་ནང་དུ་བཅུག་པ་སོགས་མི་བྱའོ།།


ལྔ་པ། ཅོག་ཙེ་དང་འཕོང་སྟེགས་སོགས་སློབ་གྲྭའི་ཡོ་བྱད་ཐམས་ཅད་ལ་གཅེས་སྤྲས་ཀྱི་སྒོ་ནས་བདག་བསྲུང་བྱ་དགོས་ཀྱི། འཕེན་པ་དང་གཞུ་བ་སོགས་ཀྱིས་གཏོར་བའམ་གཅོག་པ་སོགས་མི་བྱའོ།།


དྲུག་པ། ཆུ་དང་། གློག་དང་། འདག་རྫས་དང་། གཙང་ཤོག་དང་། འབྲི་དེབ་དང་སྨྱུ་གུ་སོགས་མདོར་ན་ཉེར་སྤྱོད་ཀྱི་དངོས་པོ་ཐམས་ཅད་ལ་ཅི་ནུས་ཀྱིས་གྲོན་ཆུང་བྱས་ཏེ། རང་ལ་དགོས་ངེས་ཙམ་ཞིག་ལོངས་སུ་སྤྱད་པ་ལས་མི་དགོས་པ་མང་པོ་འཕྲོ་བརླག་ཏུ་མི་གཏོང་ངོ་།།


བདུན་པརྟག་པར་གཙང་སྦྲ་ལ་ནན་ཏན་བྱ་སྟེ། སློབ་ཁང་དང་། ཉལ་ཁང་དང་ཉེ་འཁོར་གང་སར་གཙང་སྦྲ་བྱ་ཞིང་གད་སྙིགས་རྣམས་སྙིགས་ཟོམ་ནང་དུ་འདོར་བ་ལས་ཕྱོགས་གཞན་དུ་འཕེན་མི་རུང་། ནངས་པར་སོ་དང་། གདོང་དང་། ལག་པ་བཀྲུ་བ་དང་། ནམ་རྒྱུན་སྐྲ་བཀྲུ་ཞིང་ལུས་ལ་ཁྲུས་བྱ་བ་དང་། གཤང་བ་དོར་ནས་འོག་སྒོ་འབྱིད་པ་དང་། ཟས་ཟོས་རྗེས་ཁ་ལག་འབྱིད་པ་དང་། གོས་བཀྲུ་པ་སོགས་ལ་ནན་ཏན་བྱ་དགོས་སོ།།


བརྒྱད་པ། ལུས་ཤུགས་ཀྱི་ངལ་རྩོལ་དང་དུ་བླང་བར་བྱ་དགོས་ཏེ། རང་གི་གོས་བཀྲུ་བ་དང་གནས་ཁང་དང་ཁོར་ཡུག་ལ་གད་བདར་བྱ་བ་དང་། ཡོ་བྱད་རྣམས་ལ་ཕྱི་དོར་བྱེད་པ་ལ་སོགས་པའི་ངལ་རྩོལ་ལ་ཆུང་ངུའི་དུས་ནས་བསླབ་པར་བྱ་དགོས། མདོར་ན་སློབ་གྲྭའི་ཕྱི་ནང་གི་བྱ་བ་ཆེ་ཕྲ་ཀུན་ལ་བླང་དོར་ཚུལ་བཞིན་བྱེད་པ་ནིསློབ་མ་ཀུན་གྱིས་མ་སྐོས་ཕྲག་ཏུ་འབབ་པའི་ལས་འགན་ཡིན་ནོ།།

 

ཡོངས་ཁུངས། རིགས་སྲས་ལུགས་གཉིས་ཕོ་ཉའི་གླིང་གི་འཕྲིན་སྟེགས།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།