ཆབ་བྲག་ལྷ་མོ་སྐྱབས་ནི། ༡༩༦༣ ལོར་མདོ་སྨད་རྨ་ལྷོ་སོག་རྫོང་དུ་སྐྱེས།
ལོ་བཅུ་ནས་བོད་ནང་གི་སློབ་གྲྭ ཆུང་འབྲིང་ཆེ་གསུམ་བརྒྱུད ༡༩༨༥ ལོར་རྨ་ལྷོ་སོག་རྫོང་དུ་དགེ་རྒན་གྱི་ཕྱག་ལས་གནང་།
༡༩༨༩ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཞིང་། སྔ་ཕྱིར་རྡོ་རྗེ་གླིང་ཁར་ཤང་སློབ་ཆུང་དང་།
སཱ་ར་བོད་ཀྱི་མཐོ་སློབ་ཏུ་ལོ་བཅུ་དགུར་བོད་ཡིག་དང་བོད་ཀྱི་རྩོམ་རིག་སློབ་ཁྲིད་བྱས།
༡༩༨༨ ལོ་ནས་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་བོད་ཕྱི་ནང་གི་དུས་དེབ་སོགས་སུ་སྙན་ངག་དང་འབོལ་རྩོམ།
བརྩམས་སྒྲུང་དང་། དཔྱད་རྩོམ་སོགས་མང་པོ་ཞིག་སྤེལ་ཡོད། ༡༩༩༧
ལོར་བཙན་བྱོལ་བོད་ཀྱི་རྩོམ་པ་པོའི་དཔྱད་རྩོམ་འགྲན་བསྡུར་ཁྲོད་ཨང་དང་པོ་དང་། ༢༠༠༠
ལོར་བོད་རྒྱལ་ཡོངས་རྩོམ་པ་པོའི་ཕུལ་བྱུང་མཚན་རྟགས་བཞེས། ༢༠༠༩
ལོ་ནས་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གླིང་ཁང་དུ་བོད་ཀྱི་རྩོམ་རིག་དང་སྐད་ཡིག་སློབ་ཁྲིད་གནང་བཞིན་བཞུགས་ཡོད།
བརྩམས་ཆོས་ལ། དབྱངས་ཅན་སྤྲུལ་པའི་གླེགས་བམ་དེབ་བརྒྱད།
སྙན་རྩོམ་ཕྱོགས་སྒྲིག་དེབ་གཅིག་བརྩམས་སྒྲུང་ཕྱོགས་སྒྲིག་དེབ་གཅིག འབོལ་རྩོམ་ཕྱོགས་སྒྲིག་དེབ་གཉིས།
ཟློས་གར་འཁྲབ་གཞུང་དེབ་གཅིག ཆབ་སྲིད་དང་སློབ་གསོའི་སྐོར་གྱི་དེབ་གཉིས། རྩོམ་རིག་དཔྱད་བརྗོད་ཀྱི་དེབ་གཅིག་བཅས་སོ།།
སྨྱུག་སྡེ། རྒན་ལྷ་མོ་སྐྱབས་ལགས།
སྐུ་ཁམས་བཟང་། ཁྱེད་ནི་གཞིས་སུ་སྐྱེས་ཤིང་བྱེས་ནས་འཚོ་བ་མ་ཟད། སློབ་མ་ནས་དགེ་རྒན།
སྙན་ངག་པ་ནས་ཆབ་སྲིད་པ། ཤར་གླིང་ནས་ནུབ་གླིང་སོགས་འགྱུར་ལྡོག་སྣ་ཚོགས་ཀྱི་ལམ་བུ་བརྒྱུད་མྱོང་བ་ཞིག་ཡིན་དུས།
ད་ལྟ་དེ་དག་ལ་ཕྱིར་དྲན་ཞིག་བྱས་ན་ཆེས་དམིགས་བསལ་བའམ་ཡང་ན་རྒྱུན་དུ་སེམས་ལ་ཐོགས་འོང་བ་དེ་གང་ཞིག་རེད།
ཆབ་བྲག་ལྷ་མོ་སྐྱབས།
གློ་བུར་བའི་ཕྱིར་དྲན་རེ་རེའི་ནང་དུ་གློ་བུར་བའི་དྲན་སྣང་རེ་འདུག ཡིན་ན་ཡང་ཕ་ཡུལ་དང་ཨ་མ་གཉིས་ནི་དྲན་ཤིང་གཙོ་བོ་རེད།
ཆུང་དུས་ཀྱི་འཚོ་བ་སྤྱི་དང་དམིགས་བསལ་སློབ་ཆུང་སྐབས་ཀྱི་འཚོ་བ་རྣམས་ནི་རང་བཞིན་གྱིས་དྲན་འོང་བ་ཞིག་རེད།
བྱེ་བྲག་ཏུ་ཆེས་དམིགས་བསལ་བ་ཞིག་བརྗོད་དགོས་ན། དེ་ནི་ང་རང་དགེ་རྒན་བྱས་ནས་ཅང་མ་འགོར་བའི་སྐབས་ཤིག་ཕྱིར་ཡུལ་ལ་ལེན་རྩིས་བྱས་པས་སེམས་ཧ་ཅང་མ་དགའ།
སྟབས་ལེགས་ནས་སྐབས་དེར་དེ་དོན་བླ་མ་གུང་ཐང་ཚང་ལ་ཞུས་པས། ཁོང་གིས་བདག་ལ་ས་ཆ་གང་ཞིག་ཏུ་སོང་ཡང་ཀ་ཁ་དང་ནམ་ཡང་མ་བྲལ་ན་དགེ་ཞེས།
གསུང་གིས་དབུགས་དབྱུངས་པ་དེ་ཡིན་ངེས་ཏེ། དུས་དེ་ནས་དེ་རིང་བར་དུ་ང་ངོ་མ་ཀ་ཁའི་ལམ་བུ་རིང་མོ་འདི་འས་ཁ་མ་བྲལ།
སྨྱུག་སྡེ། སྙན་ངག་ཅེས་པའི་མིང་ཚིག་འདི་དང་ཐོག་ཁྱེད་དང་ཇི་ལྟར་འབྲེལ་འདྲིས་བྱུང་བ་ཡིན། བཀོད་འདོམས་ཤིག་གི་འོག་ནས་སམ། ཡང་ན་སྟེས་དབང་གིས།
ཆབ་བྲག་ལྷ་མོ་སྐྱབས། ང་སློབ་ཆུང་ལོ་རིམ་བཞི་པའི་སྐབས་ནས་བོད་ཡིག་གསར་ཤོག་ཐོག་གི་བསྟོད་པའི་སྙན་ཚིག་ཅི་རིགས་ཤིག་སྒྲོག་སྦྱང་བྱེད་མྱོང་ལ་ཚིགས་བཅད་ཐོར་བུ་རེ་ཡང་བྲིས་མྱོང་།
དམའ་འབྲིང་དུ་སྐྱོད་སྐབས་ངའི་ཕ་ཡར་དམ་པས་བོད་མཁས་པའི་སྙན་འགྲེལ་དེབ་སྤུས་ལེགས་ཤིག་ཉོས་ནས་ང་ལ་བྱིན་པར་མ་ཟད།
ཁོང་གིས་རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་འགའ་ཞིག་ཀློག་ཁྲིད་བྱས་པས་ང་ལྷག་པར་སྙན་ངག་གམ་སྙན་དེ་བ་དེ་ལ་འདང་རྩིས་ཆེན་པོ་ཞིག་ཆགས།
དེས་ན་འདི་སྟེས་དབང་རེད་དམ་ལས་དབང་རེད། གང་ལྟར་བཀོད་འདོམས་ལ་མི་གཏོགས། ཧ་ཧ་ཧ།
སྨྱུག་སྡེ།
ཁྱེད་ནི་ནམ་ཡང་སྙན་ངག་དང་འགྲོགས་ཏེ་བསླེབས་པ་ཞིག་ཡིན་དུས། ཁྱེད་ཀྱིས་སྙན་ངག་ལ་དམིགས་བསལ་གྱི་གོ་བ་ལེན་སྟངས་འདྲ་ཡོད་དམ།
ཡང་ན་སྙན་ངག་གིས་ཁྱེད་ལ་བྱིན་པའི་འབྲས་བུ་དེ་ག་འདྲ་ཞིག་རེད།
ཆབ་བྲག་ལྷ་མོ་སྐྱབས།
སྙན་ངག་དེ་རང་སེམས་གསོ་སྤྱད་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་མཛའ་གྲོགས་དམ་པ་ཞིག་དང་འདྲ།
སྙན་ངག་ནི་རང་སེམས་ཀྱི་དུང་འབུད་མཁན་དེ་ཡིན་ལ། རང་ཡིད་ལ་འོད་སྤྲོ་མཁན་དེ་ཡང་ངོ་།
དོན་དམ་པའི་སྙན་ངག་དེ་སེམས་ལས་བྱུང་ཞིང་སེམས་སུ་ཐིམ་པའི་རིག་པའི་ཁྱེའུ་ཞིག་ཡིན།
ང་ལ་མཚོན་ན་སྐབས་རེར་རང་གིས་བྲིས་པ་ལས་ཀྱང་གཞན་དག་གི་སྙན་ངག་ཀློག་པའམ་གྱུར་ན་དགའ་སྐྱོ་དང་ཆགས་སྡང་གི་ཚོར་སྣང་སྐྱེད་ཐུབ།
སྙན་ངག་ལ་ལ་ཞིག་རྟག་ཏུ་གྱེར་ན་ཡང་སུན་སྣང་མི་འདུག
དེས་ན་འདིས་ད་དུང་གཞན་སེམས་རང་སེམས་སུ་བསྲེ་ཐུབ།
སྨྱུག་སྡེ། སྙན་ངག་པ་ཚོར་རང་བཞིན་ཕྲག་ཏུ་བབས་པའི་འགན་འཁྲི་དེ་གང་ཞིག་ཡིན།
ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་གི་སྙན་ངག་པ་ཚོས་འགན་འཁྲི་དེ་ག་ཚོད་འཁུར་གྱིན་ཡོད།
ཆབ་བྲག་ལྷ་མོ་སྐྱབས། རང་བཞིན་གྱི་འགན་འཁྲི་ཞིག་ཡོད་ན་དེ་ནི་མུ་མཐུད་དེ་རང་མོས་ཀྱིས་སྙན་ངག་རྩོམ་རྒྱུ་དེ་ལོས་ཡིན།
གལ་ཏེ་བཀས་བཀོད་རང་བཞིན་གྱི་འགན་ཞིག་སྒྲུབ་དགོས་ན། དེ་སྙན་ངག་པ་ཚང་མས་སྒྲུབ་ཐུབ་པ་ཞིག་ཨེ་ཡིན་སྙམ།
ཡིན་ན་ཡང་དོན་བརྗོད་སྙན་ངག་དང་མཚང་འབྱིན་དང་ཆེ་བསྟོད།
བླང་དོར་གདམས་ངག་གི་ལེགས་བཤད་སྙན་ངག་སོགས་ཀྱིས་སློབ་གསོའམ་སྤྱི་ཚོགས་ལ་ཕན་གནོད་ཅི་རིགས་འདྲེན་ཐུབ།
དེ་དག་གང་མང་འབྲི་མཁན་ཚོ་ནི་མི་རིགས་ཀྱི་སྙན་ངག་པ་ཟེར་བ་དེ་ཡིན་ཆོག
དེ་ཚོས་རང་ཉིད་ལ་ཡང་མི་རིགས་ཀྱི་མགྲིན་ཚབ་པ་ཞེས་འུར་སྒྲོག་གིན་ཡོད། སྙན་ངག་པས་རང་ཉིད་དམ་རང་གི་སྙན་ངག
ཡང་ན་རང་གི་མི་རིགས་སམ་སྤྱི་ཚོགས་གང་ཞིག་ལ་འགན་ཁུར་ན་ཡང་ཆོག་ལ་མ་ཁུར་ན་ཡང་ཆོག
ངས་བལྟས་ན་དེང་སང་མི་རིགས་ཀྱི་སྙན་ངག་པའམ་མི་དམངས་ཀྱི་སྙན་ངག་པ་ཟེར་བའི་དཔུང་སྡེ་ཆེ་ཙམ་འདུག
དེ་བས་ཁོ་ཚོས་འོས་འགན་ཡང་མང་ཚོགས་རང་བཞིན་ཅན་དང་སྲོལ་རྒྱུན་རང་བཞིན་ཅན་གྱི་རྩོམ་རྒྱུན་དང་ཐག་ཇེ་ཉེར་བཏང་ནས་བརྩམས་ན་ཕན་ནུས་འབྱུང་སྲིད།
སྨྱུག་སྡེ།
ད་ལྟའི་རང་རེའི་སྙན་ངག་འབྲི་མཁན་ཕལ་མོ་ཆེར་འདུ་ཤེས་ཙམ་ལས་ཚོར་བ་ཡེ་ནས་མེད་སྟབས།
ཁོ་ཚོ་ལ་ན་ཟུག་མེད་པའི་སྙན་ངག་པའི་སྡེ་ཞེས་འབོད་ཀྱིན་འདུག་ན། དེའི་ཐད་ལ་ལྟ་ཚུལ་ག་འདྲ་ཡོད།
ཆབ་བྲག་ལྷ་མོ་སྐྱབས། དེ་རིགས་མང་ཆེ་བ་སྙན་ངག་གསར་སློབ་པའི་དཔུང་སྡེ་ཡིན་སྙམ།
ཁོ་ཚོས་སྙན་ངག་རྩོམ་དུས་རང་གི་ཚོར་བས་ཅི་ཙམ་ཟིན་ཡོད་ན་མེད་ན། སྙན་ངག་ལ་དགའ་བའི་དུང་ཞེན་ཞིག་ཡོད་ངེས་རེད། འདི་མེད་ན་སྙན་ངག་པའི་ལམ་བུར་མུ་མཐུད་ཞུགས་མི་ཐུབ། དཔེར་ན་རི་མོ་ཞིག་ཆགས་དགོས་ན་ཡང་རི་མོར་དགའ་དགོས་པ་ནི་གཞི་རྩའི་ཆ་རྐྱེན་རེད།
སྒྱུ་རྩལ་བ་གསོན་པོ་ཞིག་ཡིན་ན་ཚོར་སྣང་སྐྱེན་པོ་ཞིག་དགོས་ངེས་རེད།
སྨྱུག་སྡེ། ཁྱེད་ནི་གཞིས་བྱེས་གཉིས་ཀའི་སྙན་ངག་གི་འཇིག་རྟེན་འགྲིམས་མྱོང་བ་ཞིག་ཡིན་དུས། གཞིས་དང་བྱེས་ཀྱི་སྙན་ངག་བར་ལ་ཧེ་བག་གམ།
ཡང་ན་མི་འདྲ་ས་གཙོ་བོ་གང་ཞིག་འདུག
ཆབ་བྲག་ལྷ་མོ་སྐྱབས། དེ་ལ་ངས་མི་འདྲ་བ་ཆེན་པོ་ཅང་མ་ཚོར།
དེའི་རྒྱུ་མཚན་བྱེས་ཀྱི་སྙན་ངག་པ་ལ་ཆེ་བ་གཞིས་ནས་ཡོང་བ་རེད།
ཡིན་ན་ཡང་སྙན་ངག་གི་ནང་དོན་ཐད་ནས་ཅུང་མི་འདྲ་བ་འདུག དཔེར་ན་རང་དབང་དང་དམངས་གཙོ།
ཞི་བདེ། ལྷག་པར་མི་རིགས་ཀྱི་ལར་ཞེན་དང་སྲིད་དོན་ཐད་ནས་བྱེས་ཀྱི་སྙན་ངག་པ་ཚོས་བྲིས་པ་ཧ་ཅང་མང་།
སྨྱུག་སྡེ། ཁྱེད་ཀྱིས་སྙན་ངག་འབྲི་དུས་གནད་དོན་གང་ཞིག་ཆེས་གཙིགས་སུ་འཛིན་གྱིན་ཡོད།
ཡང་ན་སྙན་ངག་པ་ཚོས་མཉམ་འཇོག་བྱེད་དགོས་པའི་གནད་དོན་གཙོ་བོ་དེ་གང་ཞིག་ཡིན།
ཆབ་བྲག་ལྷ་མོ་སྐྱབས།
དེ་སྔོན་སྙན་ངག་གིས་མཚོན་པའི་རྩོམ་ཡིག་མང་ཆེ་བ་རྩོམ་ཡིག་ལ་དགའ་ཞེན་དང་མི་རིགས་སམ་སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་ཉི་ཚེ་བ་རེ་བཟུང་ནས་བྲིས་པ་རེད།
ནམ་རྒྱུན་ཚིག་དོན་གཉི་གར་གཟབ་ནན་ཅུང་རེ་བྱས་ཡོད། རྗེས་སུ་དེའི་ཐོག་བརྗོད་བྱ་མཚོན་ཐབས་དང་ཚིག་ཚུལ་འདོན་སྟངས་དང་།
དབྱངས་ཀྱི་འདེགས་འཇོག་བཅས་ཀྱི་ཐད་ལ་ཡང་འདང་རྒྱག་གིན་ཡོད། བརྗོད་བྱ་ཅི་ཡང་རུང་བ་ཞིག་ཚིགས་སུ་བཅད་དེ་ཤར་མར་སྤེལ་རྒྱུ་དེ་ཡང་ངག་གི་རྩལ་ཞིག་ཡིན་མོད།
དེ་སྙན་ངག་ལེགས་པོ་ཞིག་ཏུ་འགྱུར་མིན་གཙོ་བོ་མཚོན་ཐབས་དང་དུངས་སེམས་གསོན་ཉམས་ལྡན་པ་ཞིག་ཐོན་མིན་ལ་རག་ལས་ཡོད་སྙམ།
སྨྱུག་སྡེ། རང་རེ་བཙན་བྱོལ་བའི་སྙན་ངག་པ་མང་པོ་ཞིག་ཆབ་སྲིད་པའི་གོ་སར་འཚང་འགྲོ་ལ།
ཆབ་སྲིད་པར་གྱུར་རྗེས་སྙན་ངག་གི་འཇིག་རྟེན་དང་ཁ་གྱེས་པ་ལྟ་བུ་ཞིག་འདུག་པས།
འདིའི་གནད་དེ་གང་ལ་ཐུག་ཡོད།
ཆབ་བྲག་ལྷ་མོ་སྐྱབས།
སྙན་ངག་པའམ་རྩོམ་འབྲི་བ་གང་མང་ཞིག་གིས་གསེར་སྒུག་དེ་འགྱིག་གི་ཅ་ནེ་ལ་བརྗེས་དང་རྗེ་བཞིན་པ་གང་མང་འདུག
དེ་དག་གཅིག་ནས་ཁེ་ཕན་རིང་ལུགས་པར་གཏོགས་སོང་བ་དང་།
གཙོ་བོ་སྙན་ངག་ལ་བརྩེ་འདང་མེད་སོང་བ་རེད། མདོར་བསྡུས་ན་དེང་སང་གི་བཅོས་མའི་བརྩེ་དུང་ལྟ་བུ་ལས་སྙན་ངག་སྙན་ངག་ཏུ་ཤེས་མེད་པས་རེད།
སྨྱུག་སྡེ། མང་པོ་ཞིག་གིས་སྙན་ངག་འབྲི་བ་ནི་གང་ཟག་སྒེར་གྱི་ཚོར་སྣང་ཡིག་ཐོག་ཏུ་འབེབ་པ་ཙམ་ལས།
མི་རིགས་གང་དེའི་སྐད་ཡིག་འཛིན་སྐྱོང་ལ་འབྲེལ་བ་སྤུ་ཙམ་མེད་ཚུལ་གྱི་ལྟ་ཚུལ་ཡང་ཡོད་འདུག་ན།
དེའི་ཐད་ལ་དགོངས་ཚུལ་གང་ཞིག་ཡོད།
ཆབ་བྲག་ལྷ་མོ་སྐྱབས།
སྐད་ཡིག་རྒྱུན་འཛིན་གྱི་ཆེད་དུ་སྙན་ངག་འབྲི་མཁན་ཡོད་དཀའ། སྙན་ངག་སོགས་རྩོམ་རིག་གི་གྲུབ་ཆ་གཙོ་བོ་སྐད་ཡིག་ཡིན་པ་བདེན་ལ།
རྩོམ་རིག་སློབ་སྦྱོང་བྱས་ན་སྐད་ཡིག་ཡར་རྒྱས་འགྲོ་བ་ཡང་བདེན་མོད།
སྐད་ཡིག་གི་ཆེད་དུ་རྩོམ་འབྲི་མཁན་ཉུང་རྒྱུ་རེད། འོན་ཀྱང་མི་རིགས་གང་ཞིག་གི་སྐད་ཡིག་གིས་རྩོམ་ཡིག་ཅི་རིགས་སྤེལ་ན་མི་རིགས་དེའི་སྐད་ཡིག་འཕེལ་རྒྱས་ལ་རང་བཞིན་གྱིས་ཕན་ཐོགས་ཡོད་པ་ཁས་ལོས་ལེན།
སྨྱུག་སྡེ། མཐའ་དོན་དུ།
ང་ཚོའི་བཅར་འདྲི་འདིར་མཇུག་བསྡུ་རྒྱུ་ལགས་ན། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ཆེ་བའི་ཀློག་པ་པོ་དག་ལ།
རང་གི་དགོངས་ཚུལ་ཚིག་གསུམ་ཞིག་གསུང་རོགས།
ཆབ་བྲག་ལྷ་མོ་སྐྱབས།
སྐད་ཡིག་གཅེས་འཛིན་བྱེད་འདོད་ན་སྐད་ཡིག་འབྲི་ཀློག་གིས་བེད་སྤྱོད་བྱོས། སྙན་ངག་དང་རྩོམ་རིག་ལ་དགའ་ཞེན་རྣལ་མ་ཞིག་ཡོད་ན་ནམ་ཡང་གསེར་སྨུག་རིན་པོ་ཆེ་མ་འབོར།
སྙན་ངག་པའི་གོ་འཕང་ཐོབ་འདོད་ན་སེམས་ཀྱི་འཇིག་རྟེན་ལས་དབྱངས་ཅན་མ་ཚོལད་ཅིག་
སྨྱུག་སྡེ།
རྒན་ཆབ་བྲག་ལགས་ནས་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།
ཡོངས་ཁུངས། སྨྱུག་སྡེ་དུས་དེབ་ལས་ཕབ་བཤུས་བྱས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།