རྩོམ་པ་པོ། ཁ་བ་འབོནད་མྱི།
སྤྱིར་བཏང་བོད་ཀྱི་བཤད་སྟངས་བྱས་ན་ཀླུ་སྒྲུབ་ནི་མི་ཡ་མཚན་ཅན་དང་རྟགས་དང་ཚད་མས་གྲུབ་པ་སོགས་བཤད་ནས་སངས་རྒྱས་གཉིས་པའི་མཚན་གཞི་ཡང་འཇོག་པར་བྱས་འདུག
གཅིག བོད་ཀྱི་ཀླུ་སྒྲུབ།
བུ་སྟོན་ (༡༢༠༩-༡༣༦༥) ཆོས་འབྱུང་དང་དུང་དཀར་
(༡༩༢༧-༡༩༩༧) ཚིག་མཛོད་ལས་ཇོ་ནང་ཏཱ་ར་ནཱ་ཐའི་ (༡༥༧༥-༡༦༣༣) རྒྱ་གར་ཆོས་འབྱུང་གཞི་བཞག་ཐོག་གསུངས་འདུག་པ་ལ། ཀླུ་སྒྲུབ་ནི་རྒྱ་གར་ལྷོ་རྒྱུད་ཀྱི་བྲམ་ཟེ་ཞིག་ཡིན་རུང་། ཆུང་ནས་རྒྱ་གར་དབུས་ནཱ་ལེན་ཊར་ཕྱིན་ནས་བྲམ་ཟེ་ས་ར་ཧ་ས་ལས་གསང་སྔགས་ཀྱི་དབང་དང་གདམས་པ་ཞུས་ཏེ་རབ་ཏུ་བྱུང་ཞིང་།
མཁན་པོ་སྒྲ་གཅན་འཛིན་གཞོན་ནུ་ལས་བསྙེན་པར་རྫོགས་ནས་མཚན་ལ་དགེ་སློང་དཔལ་ལྡན་ཞེས་འཁོད་ཡོད།
དེ་བཞིན་འཇམ་དཔལ་མཚན་བརྗོད་སོགས་ལུང་དྲངས་ནས་སངས་རྒྱས་འདས་ནས་ལོ་ ༤༠༠ འདས་རྗེས་འཁྲུངས་ཚུལ་དང་གསེར་གྱུར་གྱི་ནུས་པ་ཐོན་ཚུལ།
ནཱ་ལེན་ཊར་ནས་སྡོམ་ཁྲིམས་ཀྱི་ཉེས་པ་ཕོག་སྟེ་གནས་དབྱུང་བཏང་ཚུལ།
ཉན་ཐོས་སྡེ་བར་སུན་ཕྱུང་དང་མུ་སྟེགས་བཏུལ་བ་ཀླུ་ཡུལ་དུ་སོང་ནས་ཐེག་ཆེན་གྱི་ཆོས་མང་པོ་གསན་པ།
ཀླུ་ལ་ཆོས་གསུངས་བ།
མཐར་ཀླུ་ཡུལ་ནས་ཡུམ་དུམ་པ་བཅུ་གཉིས་དང་འདམ་མང་པོ་ཁྱེར་ནས་ཕྱིར་རྒྱ་གར་ལྷོ་ཕྱོགས་ལ་ཕྱིན་མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས་པ་སོགས་བཤད་ཡོད།
ཡུམ་དུམ་བུ་ལས་ཉུང་ཙམ་མ་བསྐུར་བར་ཀླུ་ཡུལ་དུ་ལུས་པ་བཤད། ཀླུ་སྒྲུབ་ཞེས་ཐོགས་པའང་ཀླུ་ཡུལ་ནས་ཐེག་ཆེན་གྱི་ཆོས་ཞུས་ཤིང་དེ་ལྟར་འཁོད་ཡོད།
བསྟན་བཅོས་ཡང་གང་མང་མཛད། དགུང་ལོ་ ༦༠༠ དང་ ༣༠༠ བཞུགས་ཚུལ་ཡང་མི་འདྲ་བ་ཁག་གཉིས་འཁོད་ཡོད།
མཐར་རྒྱལ་བུའི་རྒྱལ་སའི་ཆེད་རྩྭ་ཀུ་ཤས་མགུལ་བཅད་ནས་རང་ཉིད་བློས་གཏོང་གི་དགེ་སྦྱོར་བྱས་པ་བཤད།
དེས་ན་བོད་པའི་བཤད་ཚུལ་ལ་སངས་རྒྱས་འཁྲུངས་འདས་ལའང་བཤད་ཚུལ་ ༡༤ ཙམ་ཡོད་པ་རྒྱའི་མཁས་པ་ཅི་ཞིན་ལིན་
(季羡林:1911-2009) སོགས་ཀྱིས་བཤད་འདུག
བོད་ཀྱི་ཡོངས་གྲགས་ལྟར་ན་ཀླུ་སྒྲུབ་ཀྱི་ལོ་ཚིགས་ནི་སྤྱི་་ལོ་གོང་དུས་རབས་ལྔ་པ་ནས་སྤྱི་ལོ་རྗེས་དུས་རབས་གཉིས་པའི་བར་ཕལ་ཆེར་ལོ་
༦༠༠ ཡིན། འོན་ཀྱང་རྒྱ་གར་གྱི་དགེ་སློང་སེར་པོ་དང་རྒྱ་ནག་གི་དཔེ་ཆ་ལྟར་ན་ཀླུ་སྒྲུབ་དགུང་ལོ་བརྒྱ་ཡས་མས་བཞུགས་པ་དང་མཛད་འཕྲིན་ཀྱང་བོད་པའི་ཤོད་སྟངས་གཉིས་ཧེ་བག་ཆེན་པོ་འདུག།
གཉིས། རྒྱ་ནག་གི་ཀླུ་སྒྲུབ།
རྒྱ་ནག་གི་དཔེ་གཞུང་གཙོ་བོ་ནི་ལི་ཡུལ་(གུ་ཙེ།龟兹)
གྱི་བཙུན་པ་ཀུ་མ་རཱ་ཛི་(鸠摩罗什:344-413)ཡིས་སྤྱི་ལོ་
༤༠༩ ལོ་ཡས་མས་སུ་ཀླུ་སྒྲུབ་ཀྱི་དབུ་མ་གཙོས་པའི་གཞུང་ཁག་གཅིག་རྒྱལ་ས་ཁྲང་ཨན་ལ་བསྒྱུར་བ་དང་། སྐབས་དེར་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིག་ཀྱང་བསྒྱུར་བ་རྒྱ་ནག་གི་དཔེ་ཆ་ནང་ཡོད།
ལོ་ཙཱ་བ་ཆེན་མོ་འདི་དཀར་ནག་རྒྱ་གཉིས་ལ་དངོས་སུ་ཞབས་ཀྱིས་བཅག་མྱོང་ཞིང་སྐད་གཉིས་ཀྱང་ཐོགས་མེད་མཁྱེན་ཞིང་ཕྱོགས་གཉིས་པོའི་རིག་གནས་ལོ་རྒྱུས་ལ་རྒྱུས་མངའ་ཤིན་ཏུ་ཆེ་བ་ཞིག་ཡིན།
ཁོང་གིས་བསྒྱུར་བའི་དཔེ་ཆ་དེ་གལ་ཆེན་ཡིན་པས་ཕྱི་ནང་མཁས་པའི་དཔྱད་གཞི་གཙོ་བོ་གྱུར།
འོན་ཀྱང་སྔར་བྱོན་བོད་ཀྱི་མཁས་པས་མཐོང་བ་སྲིད་ཀྱང་མ་རིག་པའི་ཚུལ་གྱིས་གུད་དུ་ལུས་པ་བསམ།
དོན་དངོས་སུ་གཞུང་དེ་ཀུ་མ་རཱ་ཛིས་བསྒྱུར་མིན་དོགས་སློང་ཡོད་ཀྱང་མང་ཆེ་བས་ཁས་ལེན་པ་ཡིན།
གཞུང་འདི་འཁོད་པའི་དཔེ་ཆ་སུའུ་རྒྱལ་ཁབ་(隋朝) ཏེ་དུས་རབས་དྲུག་པའི་མཇུག་དུས་ཀྱི་དཔེ་ཆ་ནང་འཁོད་ཅིང་ད་ལྟ་རྒྱ་འགྱུར་གྱི་བཀའ་བསྟན་ནང་བཞུགས་ཡོད།
གཞུང་འདི་ལྟར་ན་ཀླུ་སྒྲུབ་སྤྱི་ལོ་ ༡༥༠ ལོར་འཁྲུངས་བ་དང་སྤྱི་ལོ་
༢༥༠ གཤེགས་པ་ངོས་འཛིན།
དེ་བཞིན་ཀླུ་སྒྲུབ་ཐོག་མར་བྲམ་ཟེའི་རིགས་རྒྱུད་ཡིན་ལ་བྲམ་ཟེའི་བསྟན་བཅོས་བཞི་ལ་ཤིན་ཏུ་མཁས་པ་བཤད་ཡོད།
དེ་བཞིན་སྙན་ངག་དང་སྐར་རྩིས་སྒྱུ་རྩལ་ས་དཔྱད་སོགས་ལ་མཁས་ཤིང་ནུས་མཐུ་ཡང་གང་འཚམ་ཡོད་པ་བཤད་ཡོད།
དེ་ནས་རོགས་གསུམ་དང་འབྲེལ་ནས་བྲམ་ཟེ་ལས་སྒྲིབ་ཤིང་གི་མཐུ་སྦྱང་བས། རྒྱལ་པོའི་མཁར་ནང་འཇབ་ནས་བཙུན་མོ་རྣམས་ལ་གང་འདོད་ཆགས་སྤྱོད་བྱས་པས།
མཐར་བཙུན་མོ་འགའ་ལ་མངལ་ཆགས་པ་མཐོང་བས་རྒྱལ་པོ་ཁྲོས་ཏེ་གཡུལ་གྱིས་གཞན་གསུམ་ཚར་བཅད་ནས་བསད་པ་དང་།
ཀླུ་སྒྲུབ་ཡང་རིག་པ་དང་སྒྲིབ་ཤིང་གི་རྩལ་མ་ཉམས་ནས་སྲོག་སྐྱོན་མ་བྱུང་བའི་གཏམ་རྒྱུད་ཅིག་འཁོད་ཡོད།
དེ་དང་ང་ཚོའི་དམངས་ཁྲོད་ཀྱི་ཨ་ཁུ་སྟོན་པ་དགེ་མ་དགོན་ནང་འཛུལ་བའི་གཏམ་རྒྱུད་དང་འདྲ་འདུག
དེ་རྗེས་ཀླུ་སྒྲུབ་ཉམས་རྟོགས་སད་དེ་མཆོད་རྟེན་ཞིག་གི་དྲུང་ནས་དགེ་སྦྱོང་(沙门)
ཞིག་ལས་རབ་ཏུ་བྱུང་བ་དང་སྡེ་སྣོད་གསུམ་གྱི་གཞུང་ཕལ་ཆེར་ཁུང་དུ་ཆུད་པ་བཤད་འདུག
དེ་མཚམས་ཡང་རྒྱ་གར་བྱང་ཕྱོགས་ཀྱི་གངས་རིའི་༼འདི་ནི་དེང་གི་པ་ཀི་སི་ཐན་ཕྱོགས་ཀྱི་ཧིན་དྷུ་གཙང་པོའི་གཡས་གཡོན་གང་རུང་སོགས་མིན་ནམ་བསམ།༽སྦུག་ཏུ་ཆོས་འཚོལ་བར་ཕྱིན་ནས་མཆོད་རྟེན་ཞིག་གི་དྲུང་ནས་དགེ་སློང་(比丘)གི་མདུན་ནས་བྱང་ཆུབ་སེམས་པའི་ཆོས་ཚན་རྣམས་ཞུས་ཏེ་བསྙེན་པར་རྫོགས་ཞེས་འཁོད།
དེ་ནས་བྱང་སེམས་ཀྱི་ཆོས་འཚོལ་བ་དང་ཉན་ཐོས་ལ་རྩོད་པ།
ཕྱི་པ་ཚར་བཅད་པ་སོགས་མཛད་པ་བསམ་གྱིས་མི་ཁྱབས་པ་བྱས།
དེ་མཚམས་སུ་དགེ་སློང་ཀླུ་ཆེན་པོ་དང་འཕྲད་ནས་རི་ཡི་སྦུག་ཏུ་བྲག་ཕུག་ཞིག་ཏུ་ཕྱིན་ནས་ངོ་མཚར་གྱི་ཞིང་ཁམས་ཞིག་མཇལ།
དགེ་སློང་དེས་གསེར་འོད་འཕྲོ་བའི་ཁང་པའི་ནང་གི་ཀླུ་ཁང་ནང་དུ་ཁྲིད་ནས་རིན་པོ་ཆེ་གཡུ་ཡི་སྒམ་ཁ་ཕྱེས་པའི་ནང་བཀའ་བསྟན་མང་པོ་མཇལ།
ཀླུ་སྒྲུབ་ཀྱིས་ཟླ་བ་གསུམ་རིང་ཞིབ་བལྟས་བྱས་ཏེ་བློ་ལ་ངེས།
ཁག་གཅིག་དགེ་སློང་ཀླུ་ཆེན་པོར་བཀའ་འདྲི་ཡང་ཞུས།
མཐར་དགེ་སློང་ཀླུ་ཆེན་པོ་ལས་གདམས་པ་ཞུས་པ་དང་གྱེས་ཕྱག་ཕུལ།
དཔེ་ཆ་ཁྱེར་བའི་གནས་ཚུལ་མེད། དེ་ནས་རིམ་བཞིན་མུ་སྟེགས་དང་རྩལ་འགྲན་པས་མུ་སྟེགས་ཕམ་ནས་ཆོས་སུ་བསྒྱུར་ཚུལ་དང་རྒྱལ་པོ་མངའ་འབངས་གཅིག་ཆ་ཚང་ཆོས་སུ་བཙུད་པ་སོགས་བཤད་ཡོད།
དེས་ན་ཀླུ་སྒྲུབ་ཞེས་ཐོགས་དོན་ཡང་ཡབ་རུས་རྒྱུད་ཀླུ་དང་ཡུམ་གྱིས་ཤིང་སྡོང་གི་འོག་ཏུ་སྐྱེས་པས་དེ་ལྟར་ཐོགས་ཞེས་འཁོད།
དབུ་མ་སོགས་བསྟན་བཅོས་མང་པོ་མཛད།
མཐར་རྒྱལ་བུའི་རྒྱལ་སའི་དོན་དུ་རང་སྲོག་བློས་བཏང་ནས་སྦྱིན་པ་ཕུལ་ཚུལ་བཤད་ཡོད།
གསུམ། རྒྱ་བོད་གོ་བསྡུར།
༡/
ཀླུ་སྒྲུབ་བྲམ་ཟེའི་རིགས་ཡིན་པ་དང་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་བ།
ཀླུ་ཡུལ་ལམ་ཀླུ་ཁང་ནས་ཐེག་ཆེན་ཡུམ་མདོ་ཞུས་པ། རྒྱལ་བུའི་རྒྱལ་སའི་དོན་རང་སྲོག་བློས་བཏངས་བ།
ཉན་ཐོས་དང་མུ་སྟེགས་ཚར་བཅད་ཚུལ་གྱི་ནང་དོན་རྣམས་གཅིག་མཚུངས་འདུག
༢/
བོད་པའི་ཀླུ་སྒྲུབ་རྣམ་ཐར་སྐོར་འདི་གཙོ་བོ་གྲུབ་མཐའ་དང་དད་མོས་ཀྱི་བཤད་སྲོལ་ཡིན་ཞིང་། ལོ་རྒྱུས་ཀྱི་རིན་ཐང་དང་ནང་དོན་གྱི་གཏན་ཚིག་དང་མི་མཚུངས་བ་མང་བ་མ་ཟད།
དུས་རབས་བརྒྱད་པ་དང་བཅུ་གསུམ་རྗེས་ཀྱི་དཔེ་ཆ་ཡིན་པས་དངོས་དོན་དང་བར་ཐག་རིང་བ་བསམ།
༣/ རྒྱ་ནག་གི་ཡིག་ཆ་འདི་སྤྱི་ལོ་དུས་རབས་ལྔ་པའི་འགོ་སྟེ་
༤༠༩ ཡས་མས་སུ་མཛད་པ་དང་བསྒྱུར་མཁན་ཡང་ལི་ཡུལ་གྱི་མི་ཡིན་ཙང་། ཆོས་སྲིད་དང་དམིག་ཡུལ་གཞན་མེད་པར་དངོས་དོན་དང་ཅུང་འཐུས་པ་བསམ་ལ་དེང་གི་རྒྱ་ནག་གི་ཞིབ་འཇུག་པ་ཅི་ཤིན་ལན(季羡林)ནུབ་ཕྱོགས་པ་ཐུའུ་ཆིས།(图齐,意大利)ཧྲི་ཐེ་ཨན།
(石泰安,法国),ས་དབྱེ།(萨耶,法国)འཇར་པན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་ཧིན་བོད་ཞིབ་འཇུག་པས་ཡིག་ཆ་འདིར་གཞི་བཟུང་བ་དང་ལོ་རྒྱུས་དངོས་དང་མཐུན་ཤས་ཆེ་བ་བཤད།
༤/ རྒྱ་དཔེ་ནང་ཀླུ་སྒྲུབ་རྒྱ་གར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་རི་སྦུག་ཏུ་བྲག་ཕུག་ནང་སོང་ནས་ཡུམ་དུམ་པ་བཅུ་གཉིས་བརྙེད་པ་དང་། བོད་དཔེ་ནང་འགའ་ཞིག་ལུས་པ་ཟེར་བ་གོ་རྒྱུ་ཤིན་ཏུ་ཆེ་སྟེ།
ཡུམ་དུམ་པ་བཅུ་གཉིས་དང་བོན་གྱི་ཁམས་ཆེན་དུམ་པ་བཅུ་དྲུག་བར་ཕལ་ཆེར་པོ་ཏི་མང་ཉུང་ཙམ་མ་གཏོགས་གཅིག་མཚུངས་ཡིན་པས།
ནམ་རྒྱུན་ཕན་ཚུན་གཅིག་གིས་གཅིག་ལ་འཁང་པ་བྱེད་པས། གངས་རི་ཁྲོད་དང་བྲག་ཕུག་གི་གནས།
ཁམས་ཆེན་དུམ་པ་བཅུ་དྲུག་གམ་པོ་ཏི་བཅུ་དྲུག་པོར་བརྟག་རྒྱུ་ཆེ།
༥/
ཀླུ་སྒྲུབ་དང་ནཱ་ལེན་ཊ་བར་འབྲེལ་བ་མེད་པ་ལོ་རྒྱུས་ལས་རང་ཤུགས་སུ་ཤེས་ཏེ་རྒྱ་ནག་གི་བཙུན་པ་ཧྥ་ཤན་(法显:334-420)རྒྱ་གར་དུ་འདུལ་བའི་ཆོས་ཞུ་བར་འགྲོ་སྐབས་སྤྱི་ལོ་
༣༩༩ ནས་ ༤༡༣ བར་ལོ་བཅུ་བཞི་རིང་ཡིན་ལ་ཁོང་གི་ལམ་ཡིག་ལ་ནཱ་ལེན་འདྲ་ཟེར་བ་འཁོད་མེད།
འོན་ཀྱང་ཐང་ཤོན་ཙང་(唐玄奘:602-664)སྤྱི་ལོ་
༦༢༩-༦༣༦ བར་རྒྱ་གར་ལ་ཆོས་ཞུ་བར་ཕྱིན།
ནཱ་ལེན་ཊར་འཆད་ཉན་དང་རྩོད་པ་སོགས་ཁོང་གི་ལམ་ཡིག་དང་རྣམ་ཐར་ནང་རྒྱས་པར་བཤད་ཡོད།
ནཱ་ལེན་ཊ་ནི་སྤྱི་ལོ་ ༤༡༥-༤༣༥ ལོའི་བར་དགུ་རྟ་རྒྱལ་པོས་རོགས་རམ་འོག་གསར་དུ་བཏབས་པ་ཕྱི་ནང་ལོ་རྒྱུས་ཞིབ་འཇུག་བ་ཕལ་ཆེར་གྱིས་བཞེད།
འདི་ན་ཁྲི་སྲོང་དང་མངའ་རིས་ལྷ་བླ་མ་སོགས་ཀྱིས་དཔལ་འབྱོར་འབོར་ཆེན་བཏང་ནས་ཆོས་ནང་འདྲེན་དང་ལོ་ཙཱ་བསླབ་པ་ནུབ་ཕྱོགས་མཁས་པས་གསུངས་འདུག
མཐར་དུས་རབས་ ༡༢ མཇུག་ཙམ་དུ་ཨ་རབ་སྟག་གཟིག་དམག་གིས་ནཱ་ལེན་ཊ་རྩ་གཏོར་བྱས་ནས།
རིག་དངོས་གསེར་ཟངས་འཕྲོག་ནས་བཙུན་པ་རྣམས་བོད་དང་འབར་མ་འབྲུག་པ་སོགས་ལ་གྱར་བ་བཤད།
མངའ་རིས་ལྷ་བླ་མ་དང་ལོ་ཆེན་རིན་ཆེན་གྱིས་བཀའ་བསྟན་དང་ཐུགས་རྟེན་གང་མང་ཞིག་ཀྱང་ཐོབ་པར་བཤད་འདུག
༦/
ཀླུ་སྒྲུབ་ཀྱི་འཁྲུངས་འདས་ཀྱང་སྤྱི་ལོ་ ༡༥༠-༢༥༠ བར་ཡིན་པ་ལོ་རྒྱུས་ཞིབ་འཇུག་པ་ཚོས་བཞེད།
མཐར་འདས་དོན་ཡང་ཉན་ཐོས་དང་མུ་སྟེགས་སོགས་གང་གི་བཀྲོངས་ཚུལ་དོགས་སློང་ཀྱང་འདུག གཞན་ཡང་འདི་དང་འབྲེལ་བའི་དཔྱད་གཞི་མང་ཡང་འདི་ཙམ་འཐུས་པར་ཡིན།
བཞི། འོག་ཏུ་བོད་ཀྱི་མཁས་དབང་དོར་ཞི་ནས་བོད་བསྒྱུར་བྱས་པའི་སྐོར།
དོར་ཞི་ཡིས་བསྒྱུར་བ་འདི་ ༢༠༡༥
ལོའི་སྦྲང་ཆར་དུས་དེབ་ཐོག་བཀོད་ཡོད་ཚོད་འདུག
རྒྱ་ཡིག་དཔེ་རྙིང་དང་དེའི་ཟུར་འགྲེལ་སོ་སོ་འོག་ཏུ་བཀོད་པ་དང་། དོར་ཞིས་བསྒྱུར་རྩོམ་ནི་འོག་གི་ཟུར་འགྲེལ་ལས་བྱུང་བ་རེད་འདུག
བསྒྱུར་རྩོམ་གྱི་མ་དཔེ་དེ་དཔེ་རྙིང་མིན་པར་ཟུར་འགྲེལ་དེ་ཡིན་པས་ནང་དོན་དངོས་དང་དོན་གོ་སྟངས་ཅུང་མི་འདྲ་བ་ཆགས་འདུག
དང་ཐོག་ཀླུ་སྒྲུབ་རིག་བྱེད་ཀྱི་གཞུང་བཞི་ལ་མཁས་པར་སྦྱང་ཟེར་བའི་《四韦陀典》ཟེར་དཔེ་མིང་དེའང་ཇི་བཞིན་མི་སྣང་།
དེ་བཞིན་ཀླུ་སྒྲུབ་རབ་ཏུ་བྱུང་ས་དང་པོ་ 沙门
ལ་ནང་པའི་དགེ་སློང་ཟེར་ནས་བྲིས་པ་དང་བསྙེན་པར་རྫོགས་ས་དེ་ 老比丘
ལ་དགེ་སྦྱོང་རྒན་པོ་ཞིག་ཅེས་བསྒྱུར་བ་འདི་དག་བཅོས་མའི་བཅོས་གཏམ་དང་གུད་དུ་སྦས་པའི་གནད་གཅིག་ཀྱང་བསམ།
གཞན་ཡང་མ་དཔེ་ནང་སྐར་རྩིས་ཏེ་ 天文 ལ་རྩིས་རིག་ཅེས་བསྒྱུར་བའང་ཧེ་བག་ཆེ་བ།
དཔེ་རྙིང་འདིའི་ནང་བྱང་ཆུབ་སྟེ་བོདྡྷི་ལ་ 浮提 དང་ 波提 ཞེས་བྲིས་པ་སོགས་ཡོད་པས་ཡིག་རྙིང་མ་མཐར་ཡང་དུས་རབ་༥པའི་ཡར་སྔོན་གྱི་ཐ་སྙད་འབོད་སྟངས་ཞིག་ཡིན་པ་བསམ། ཧྥ་རན་སིའི་ཞིབ་འཇུག་པ་ས་དབྱེ་ཡིས་ཀླུ་སྒྲུབ་ལ་དབུ་མའི་ཀླུ་སྒྲུབ་དང་གསང་སྔགས་ཀླུ་སྒྲུབ་ཅེས་མི་འདྲ་བ་གཉིས་ཡོད་ཚུལ་གསུངས་འདུག་ཀྱང་འདིར་མི་སྤྲོ།
ཁ་བ་འབོནད་མྱྀས་སྒྲིག ༢༠༡༨/༤/༡༧ ཉིན་དཔྱད་གཞིའི་ཚུལ་དུ་ཕུལ།
ཡོངས་ཁུངས། ཁྱུང་ཡོན་བོད་ཡིག་སྤྱི་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།