རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 10 June 2020

༄༅། །གནས་ཆེན་ཀ་ཡོ་རིའི་ལོ་རྒྱུས་དང་དོལ་པོར་ཇོ་ནང་བསྟན་པ་ཡང་དར་གྱི་སྐོར་བཞུགས་སོ།།

རྩོམ་པ་པོ།  གཙང་རིགས་ཆོས་འབྱོར་རྒྱ་མཚོ།

འཁོར་ལོ་གསུམ་དང་རྒྱུད་སྡེ་བཞི་ཡི་དོན།།

ཚུལ་བཞིན་མཁྱེན་པའི་དོལ་པོ་སངས་རྒྱས་དང་།།

བདེན་གཉིས་ཆོས་ཚུལ་སྟོན་ལ་ཟླ་མེད་པ།།

ཡབ་སྲས་བརྒྱུད་པར་བཅས་ལ་གུས་ཕྱག་འཚལ།།


དེ་ཡང་གླེང་བར་བྱ་བ་ནི། གནས་ཆེན་ཀ་ཡོ་རིའི་ལོ་རྒྱུས་དང་ཀུན་མཁྱེན་དོལ་པོ་སངས་རྒྱས་འཁྲུངས་ཡུལ་གྱི་ད་ལྟའི་གནས་བབ་མདོ་ཙམ་བཀོད་པ། དེ་ཡང་ཇི་སྐད་དུ།  འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས།  དྲི་ཟའི་རྒྱལ་བོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུདྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཀ་ཡོ་རི་བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ།  གྲོང་དེ་ལ་འབབ་ཆུ་མཛེས་སྦྱོར་ཞེས་བྱ་སྟེ།  དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །ཞེས་དང་། རྔ་བོ་ཆེ་ཆེན་པོའི་མདོ་ལས།  ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ཏེ།  ཞེས་དང་།  གཞན་ཡང་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ལས། བདག་གི་སྤྲུལ་བ་ཀུན་མཁྱེན་ཇོ་ནང་ཞེས། །བོད་ཁམས་འདི་ན་མཁས་ཤིང་གྲུབ་བརྙེས་པའི། །བསྟན་པའི་སྲོག་འཛིན་མདོ་སྔགས་བདག་པོར་འགྱུར། ཞེས་པ་ལྟར། སངས་རྒྱས་མིའི་གཟུགས་སུ་གྲུབ་པ་དོལ་པོ་སངས་རྒྱས་སམ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་ཡུལ་རེད། འོན་ཀྱང་སྐབས་འདིའི་ངའི་བཤད་བྱ་གཙོ་བོ། དོལ་པོ་སངས་རྒྱས་ཀྱི་ལོ་རྒྱུས་མ་ཡིན་པར་འཁྲུངས་ཡུལ་ཀ་ཡོ་རིའི་ལོ་རྒྱུས་མདོར་བསྡུས་ཤིག་ཡིན། ལྷག་པར་དུ་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ཞིག་ལ་མཚོན་ན། ཆེས་བཀུར་བར་འོས་པ་དང་རྨད་དུ་བྱུང་བའི་གནས་ཞིག་ཡིན་པ་གོར་མ་ཆག


དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་ནིདུས་རབས་བཅུ་བ་ནས་བཅོ་བརྒྱད་ཀྱི་མཇུག་ཙམ་བར་དུ་སྟོད་མངའ་རིས་སྐོར་གསུམ་གྱི་ཆ་ཤས་ཤིག་ཡིན་པ་ལོ་རྒྱུས་ན་གསལ། ཧི་མ་ལ་ཡི་རི་རྒྱུད་ཀྱི་ཞིང་འབྲོག་གཉིས་འཛོམས་ཀྱི་ཡུལ་སྡེ་རྒྱ་ཆེན་པོ་ཞིག་ཡིན། ས་བབ་གྲུ་བཞི་ཞིག་ཡིན་ལ་སྟོད་ན་གངས་རི་དང་རྫ་རི། སྨད་ན་ནགས་རི་དང་སྤང་རིས་བསྐོར་བ། ས་བབ་མཐོ་ཞིང་མཁའ་དབུགས་གཙང་བའི་གནས་ཁྱད་མཚར་བ་ཞིག་ཡིན། ད་ལྟ་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས། བལ་བོ་རྒྱལ་ཁབ་ལ་མངའ་སྡེ་བཅུ་བཞི་དང་། རྫོང་ཁག་དོན་ལྔ་ཡོད་པའི་ནང་ནས། ཀར་ན་ལི་མངའ་སྡེ་དང་། དོལ་པ་རྫོང་གི་ཁོངས་སུ་གཏོགས། དོལ་པ་རྫོང་ལ་སྟོད་སྨད་གཉིས་ཡོད་པས་འདུ་གནས་ཡན་ལ་དོལ་པོ་སྟོད་དང་། འདུ་གནས་སྨད་ལ་དོལ་པོ་སྨད་དུ་བརྩི། དོལ་པོ་བན་ཚང་ཚོ་གསུམ་ནི་ཏིང་ཆོས། ཤིང་སྨིན། ཉི་གསལ་བཅས་ཡིན་ལ། འཕགས་སྡེ་ནི་ཤིང་སྨིན་གྲོང་སྡེའི་ཁོངས་སུ་གཏོགས། ཆ་ཚང་དོལ་པོ་སྟོད་ཀྱི་ཁོངས་སུ་གཏོགས། ཉེ་སྔོན་བལ་ཡུལ་གཞུང་གི་རྩ་ཁྲིམས་གཏན་འབེབས་ལྟར་དོལ་པ་རྫོང་ས་གནས་གསུམ་དུ་བགོས་ཡོད། ཤེལ་ཕུ་སུམ་མདོ་གྲོང་སྡེ། ཚྭ་དགའ་སྟེང་གཤོང་གྲོང་སྡེ། དོལ་པོ་བུདྡྷ་གྲོང་སྡེ་གསུམ་ལས་རྗེས་མ་སྟེ་དོལ་པོ་བུདྡྷ་གྲོང་སྡེ་ཡི་ཁོངས་སུ་གཏོགས།  དེ་ལ་མདོ་རྟ་རབ། ཏིང་ཆོས། པོ་བསྡད། ཤིང་སྨིན། འཕགས་སྡེ་བཅས་གྲོང་སྡེ་ལྔ་ཡོད། ཤིང་སྨིན་གྲོང་སྡེ་དང་ཉི་གསལ་གྲོང་སྡེ་གཉིས་གནས་མཆོག་ཀ་ཡོ་རིའི་འོག་ན་ཡོད། ཏིང་ཆོས་དང་འཕགས་སྡེ་གཉིས་གོང་ན་ཡོད།


གནས་ཆེན་ཀ་ཡོ་རིའི་མདུན་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་བཞེངས་པའི་སྤུ་དགོན་བདེ་ཆེན་ཆོས་གླིང་ཡོད། ད་དུང་རྗེ་ཉིད་ཀྱིས་བཞེངས་པའི་མཆོད་རྟེན་ཆ་བརྒྱད་ཡོད་པར་གསུངས་ཀྱང་། ཡུལ་དེར་མཆོད་རྟེན་འདྲ་མིན་ཧ་ཅང་མང་བས་རེ་རེ་བཞིན་དུ་ངོས་འཛིན་དཀའ་བར་འདུག  འོན་ཀྱང་སྤུ་དགོན་བདེ་ཆེན་ཆོས་གླིང་དུ་ཡོད་པའི་རྗེ་ཉིད་ཀྱི་སྐུ་ཚད་མའམ་ཡོངས་གྲགས་སྐུ་གཟུགས་མཆོད་རྟེན་ཞེས་པའི་མཆོད་རྟེན་ཆུང་ཆུང་ཞིག་ཡོད། ཡུལ་དེའི་སྔགས་པ་བགྲེས་པོ་ཚོའི་ངག་རྒྱུན་ལྟར་ན། དེ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མཐོ་ཚད་དང་གཅིག་མཚུངས་སུ་རྗེ་ཉིད་ཀྱིས་བཞེངས་ར་གྲགས་ལ། དུས་ད་ལྟ་ཡང་མ་ཉམས་པར་བཞུགས་ཡོད། འདུ་ཁང་ནང་དུའང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱིས་བཟོས་པའི་གཏེར་བུམ་ཁ་ཤས་ཡང་འདུག  གནས་མཆོག་ཀ་ཡོ་རི་ནི་དགོན་པའི་མདུན་རི་ཡིན་ལ། རྗེ་ཉིད་ཀྱི་ཞལ་ནས། ལྕགས་ཀྱི་རི་ལ་དུང་གི་མདའ། །ཞེས་པ་ལྟར། གནས་རི་དེའི་རི་མགོ་མ་གཏོགས་བྲག་རི་ཆ་ཚང་ནག་པོ་ཡིན་ཀྱང་། རི་རྐེད་ནས་འཕྲེད་དུ་བྲག་དཀར་པོ་ཁང་མིག་ལྔ་ཡི་ཚད་ཙམ་མདའ་ཡི་དབྱིབས་ཅན་ཞིག་ཡོད། ཡང་རྗེ་ཉིད་ཀྱི་ཞལ་ནས། གཡུ་ཡི་རི་ལ་དུང་གི་ཕྲ། །ཞེས་པ་དེའང་། རིའི་འཕྲག་པ་གཡས་ན་རྡོ་དཀར་མང་པོ་གུར་ཆེན་ཞིག་ཕུབ་པའི་ཤུལ་ལྟ་བུ་ཞིག་ཡོད་པས། དབྱར་དུས་སུ་རི་ལ་ལྗང་མདོག་རྒྱས་དུས་དེ་ནི་དུང་གི་ཕྲ་བཏབས་པ་ལྟ་བུ་ཞིག་ཡིན།  ཀ་ཡོ་རིའི་གཡས་ཀྱི་རི་རྐེད་ན་རྗེ་ཉིད་འཁྲུངས་སའི་མཁར་ཤུལ་དང་། རི་འདབས་ན་འབབ་ཆུ་མཛེས་སྦྱོར་ཡོད། ཡང་ཆུ་བོ་ལྗོན་ཤིང་འཕྲེང་མཛེས་ནི། གཡོན་ཕྱོགས་ཀྱི་མདུན་ལུང་ནས་ཚུར་འབབ་པའི་ཆུ་བོའི་འགྲམ་གཡས་གཡོན་ཆ་ཚང་ལྕང་མ་སོགས་ལྗོན་ཤིང་གིས་མཛེས་པར་རྒྱན་ཡོད། རིའི་རྩེ་མོར་དར་སེར་གྱི་ལ་ཐོད་ལྟ་བུའི་བྲག་རི་སེར་པོ་གཉིས་ཡོད། དེའི་ཐོག་ཏུ་གཙུག་ཏོར་ལྟ་བུའི་ཤུག་པའི་ལྗོན་པ་ཞིག་ཡོད། བྲག་ངོས་སུ་མཆོད་རྟེན་རང་བྱོན་གྱི་རི་མོ་འབུར་མ་དང་། གླེགས་བམ་བརྩེགས་པ་ལྟ་བུའི་རི་མོ་ཡོད། བྲག་དེའི་མདུན་དུ་ལྷ་ཤིང་ཤུག་པའི་ལྗོན་པ་གཉིས་ཡོད། དེའི་གཡས་གཡོན་ཀུན་ཏུ་བསེ་རུའི་རྭ་ལྟ་བུ། གླང་ཆེན་གྱི་མཆེ་བ་ལྟ་བུ། དཀར་དམར་གྱི་མཆོད་པ་ལྟ་བུའི་བྲག་རི་ཡ་མཚན་པ་མང་པོ་ཡོད། བྲག་དེའི་གཡས་ཟུར་ན་གླེགས་བམ་བརྩེགས་པ་ལྟ་བུའི་བྲག་རི་སེར་པོའི་འོག་ཏུ་དགེ་སྡིག་དཀར་ནག་གམ་ཡ་མ་ཐར་ཁུང་ཞིག་ཡོད། དེའི་མདུན་ཞབས་སུ་གཏེར་སྟོན་སྟག་ཤམ་པའི་དགོན་ཤུལ་དང་། དེའི་གཡོན་ཟུར་ན་ཕ་བོང་དུང་དཀར་གྱི་དབྱིབས་ལྟ་བུ་སེར་དཀར་ཞིག་ཡོད། ཡུལ་མི་ཚང་མས་དེ་ལ་དུང་དཀར་རང་བྱོན་ཟེར། ཀ་ཡོ་རིའི་མདུན་ངོས་སུ་དབྱར་བསིལ་ལ་དགུན་དྲོ་བའི་ཡ་མཚན་ཅན་གྱི་བྲག་ཕུག་མང་པོ་ཡོད། གནས་མདུན་དེ་ནས་ཡར་རྐང་ལམ་ཕྲ་མོ་བརྒྱུད་དེ་ཕེབས་ན། གཡས་ཕྱོགས་ཀྱི་རི་བོའི་ཕྲག་ཏུ་མཐའ་དཀར་དགོན་བྱང་ཆུབ་ཆོས་གླིང་ཞེས་པ་གསང་སྔགས་རྙིང་མའི་དགོན་པ་ཞིག་ཡོད། དེ་ནས་ཡར་ཕེབས་ན་འཕགས་སྡེ་ཞེས་པའི་གྲོང་ཚོ་དེར་སླེབས། དེ་ནའང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་བྱ་བ་ཡུལ་དེར་ཆེས་བྱིན་རླབས་ཅན་དུ་བརྩི་བའི་རྟེན་མཆོག་ཁྱད་པར་ཅན་དེ་ཡོད། ཆེ་ཆུང་མ་གཏོགས་གཙང་གི་ཇོ་ནང་ཀུན་མཁྱེན་མཐོང་གྲོལ་ཆེན་མོ་དང་དབྱིབས་འདྲ་མཚུངས་ཡིན། དེའི་ཉེ་འཁོར་དུ་ཡང་མཆོད་རྟེན་འདྲ་མིན་མང་པོ་ཡོད།


གཞན་ཡང་གཡས་ན་དྭངས་བསིལ་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པ། གཡོན་ན་ཤར་གྱི་གྲོགས་ལམ་རིང་མོ་མཐོང་ཡངས་བ། མདུན་ན་སེང་ཁྲི་པདྨའི་མདུན་སྐྱོར་ཡོད་སའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན། ཀ་ཡོ་རི་དང་གནས་འདི་གཉིས་ཀྱི་མཐའ་སྐོར་ཀུན་ཏུ་གོང་ན་གནས་ཆེན་སྐུ་ལྷ་དཔལ་བཟང་བརྗིད་ཅིང་རྔམ་པ། ལྷོ་ན་གངས་རི་ཉི་མ་བཅུ་གསུམ་དཀར་ཞིང་མཐོ་བ། གཡོན་ན་ཤར་རི་རྒྱ་རིང་རྒྱལ་བློན་བརྗིད་ཉམས་ལྡན་པ།  ད་དུང་སྨད་ན་ངེས་དོན་ཀུན་བཟང་ཆོས་གླིང་། དམར་སྒོམ་མཚམས་ཁང་། བྱང་ཆུབ་དགེ་འཕེལ་གླིང་། གཡས་འཚེར་དགོན་པ། ཤར་རི་རྒྱ་རིང་དགོན་པ། པདྨ་ཆོས་རྫོང་དགོན་པ་སོགས་དགོན་སྡེ་ཡང་མང་པོ་བཞུགས། 

 

སྐབས་འདིར་ཞུ་འདོད་པ་ཞིག་ནི། ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ། ངས་དོལ་པོ་སངས་རྒྱས་ཞེས་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཡུལ་འདིའི་རྗེ་འབངས་ཀུན་གྱི་ངག་ན་དོལ་པོ་སངས་རྒྱས་ཞེས་རླུང་ལྟར་གྲགས་ཡོད་པས། དེ་ནི་རྔ་བོ་ཆེའི་མདོ་ལས། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་ཁྱོད་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ཞེས་བསྟན་པ་ལྟར། ལུང་དང་ཡུལ་མིའི་ངག་རྒྱུན་གཉིས་གཅིག་མཚུངས་སུ་ཡོད། ཡུལ་འདིར་དོལ་པོ་སངས་རྒྱས་ཀྱི་བསྟན་པ་དར་མ་ཐུབ་པར་མི་ལོ་དྲུག་བརྒྱ་ལྷག་འགོར་ཡོད་ཚོད་རེད། ཡིན་ནའང་རྗེ་འབངས་ཀུན་ཀྱི་ངག་ན་ཡུལ་འདིར་དོལ་པོ་སངས་རྒྱས་ཞེས་བྱ་བའི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་གཅིག་འཁྲུངས་མྱོང་བས། དེ་ལ་དད་འདུན་ད་དུང་ཡང་ཉམས་མེད་དུ་གནས། གཞན་ཡང་ཉེ་དུས་སུ་བལ་བོ་སྲིད་གཞུང་གིས་དོལ་པ་རྫོང་སྡེ་ཁག་ཆེན་པོ་གསུམ་དུ་བཟོས་པའི་སྐབས་སུ་ཡང་། ཡུལ་ཕྱོགས་འདིའི་གྲོང་སྡེ་རྣམས་ཀྱི་སྤྱི་མིང་ལ་དོལ་པོ་བུདྡྷ་གྲོང་སྡེ་ཡར་སྐྱེད་ཚོགས་པ་ཞེས་བཏགས་ཡོད། དེ་ནི་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཅིག་ཡིན་པར་འདོད། གཞན་ཡང་དམངས་ཁྲོད་གླུ་གཞས་ཀྱི་ཚིག་ལའང་།

“སྤུ་དེ་གསང་སྔགས་དགོན་པའི་ཆོས་ར་འདི།

ཁྲ་མོ་འདི།

ཆོས་ར་ཁྲ་མོའི་བསྟན་པ་དར་ས་རེད།

སྤུ་དེའི་གཡས་རི་ཕྱོགས་ལ་ལྟ་ཟེར་ན།

ལྷ་མདའ་དཀར་ཆུང་ངོ་མཚར་ཆེ་ནི་བྱུང་།

དཀར་ཡོལ་བཟང་གླིང་ནང་ལ་སྔོ་ཆང་བཤམས།

འབྲུ་ནོར་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད།

སྨོན་ལམ་ཡོད།

མཆོད་རྟེན་བྱིན་རླབས་ཆེན་པོ་དབུས་ཕྱོགས་ལ།

དབུས་ལ་བཞེངས།

ལྷ་ཡི་ཕོ་བྲང་ཡིན་པའི་རྟེན་འབྲེལ་ཡོད།

ལྷ་ཡི་ཕོ་བྲང་ཕྱོགས་ལ་ཕྱག་གསུམ་འཚལ།

རི་དེ་ཀ་ཡོ་རི་དེ་ངོ་མཚར་ཆེ། བྱིན་རླབས་ཆེ།

ཀུན་མཁྱེན་དོལ་པོ་སངས་རྒྱས་འཁྲུངས་གནས་རེད།

དེ་ལ་གཞོན་པ་ང་ཚོས་ཕྱག་གསུམ་འཚལ།

རྟ་ཐང་རིང་མོའི་ཁ་ལ་འདོ་ཞིག་འཁྱུགས།

འདོ་ཞིག་འཁྱུགས།

སློབ་དཔོན་ཆིབས་སྣ་བསུ་བའི་རྟེན་འབྲེལ་ཡིན།

ཡང་ཡང་རྒྱུན་དུ་བཞུགས་པའི་སྨོན་ལམ་འདེབས།

འདི་རུ་བཞུགས་པའི་ཕོ་གཞོན་མོ་གཞོན་རྣམས།

བྲོ་ར་ཁྲ་མོའི་བསྟན་པ་དར་ས་རེད།

གླུ་དང་ཞབས་བྲོའི་ཕྱོགས་ལ་བཀྲ་རེ་ཤིས།

བཀྲ་རེ་ཤིས།”

ཞེས་དམངས་གཞས་དང་། ཞབས་བྲོའི་ཚིག་ཏུའང་རྒྱུན་བཀོད་ཐ་སྙད་ཅིག་ཏུ་གྱུར་འདུག་པའི་རྒྱུ་མཚན་བཅས་སོ།།  


སྐབས་འདིར་བཤད་དགོས་པ་གཞན་ཞིག་ཡོད་པ་ནི། གནས་ཁྱད་པར་ཅན་འདིར་དོལ་པོ་སངས་རྒྱས་ཀྱི་བསྟན་པ་སླར་ཡང་དར་ཚུལ་དེ་ཡིན། དེ་ཡང་འཕགས་བོད་མཁས་གྲུབ་དུ་མའི་གསང་བ་རྒྱ་མཚོའི་མངའ་བདག་རྗེ་བཙུན་ཏཱ་ར་ནཱ་ཐའི་འཕྲིན་ལས་ཀྱི་རོལ་གར། ངག་དབང་བདེ་ཆེན་བསྟན་པ་རབ་རྒྱས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་གིསརྒྱལ་བ་ཇོ་ནང་བའི་བསྟན་པའི་ཁུར་ཆེན་འཁུར་བར་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་སྨིན་པ་ཞིག་ཡིན་པར་སྙམ། མཆོག་སྤྲུལ་རིན་པོ་ཆེ་ནི། སྐུ་ཉིད་ཀྱི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ངག་དབང་པདྨ་རྣམ་རྒྱལ་དང་། རྔ་ཡུལ་བསྭེ་དགོན་གྱི་རྡོ་རྗེ་སློབ་དཔོན་ཆེན་མོ་ཀུན་དགའ་དཀོན་མཆོག་ཐུགས་རྗེ་དཔལ། ཤར་ཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཁྲི་ཆེན་རྡོ་རྗེ་འཛིན་པ་སྐྱབས་རྗེ་ངག་དབང་ཡོན་ཏན་བཟང་པོ་སོགས་ཀྱིས་ཐུགས་བཞེད་གཅིག་མཐུན་གྱིས། གསང་བདག་སྒྲོལ་བའི་མགོན་པོའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་ཞིག་ཡིན། སྐུ་ཉིད་ཀྱི་རྣམ་ཐར་ལོགས་སུ་ཡོད་པས་འདིར་མང་བར་དོགས་ནས་མ་བྲིས།


སྐབས་སུ་བབ་པ་ནི། སྐུ་ཉིད་དགུང་ལོ་ཉེར་ལྔའི་ཐོག་གཞན་ཕན་འགའ་ཞིག་ཐུགས་ལ་བཅངས་ཏེརི་བོ་ཧི་མ་ལ་ཡི་གངས་རི་ཞབས་ཐང་གིས་བརྒལ་ནས་འཕགས་ཡུལ་དུ་ཕེབས་སྐབས་ཀྱི་དངོས་བྱུང་ལོ་རྒྱུས་ཤིག ཁོང་གི་ལམ་གྲོགས་ཀཿཐོག་རིག་འཛིན་ཆེན་མོ་པདྨ་དབང་ཆེན་གྱི་ཞལ་ནས་ང་ལ་དངོས་སུ་གསུངས་དོན། མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་ནི་ཐུགས་བཞེད་དང་སྨོན་ལམ་འགྲུབ་མཁན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་གསུངས་སོང་། གང་ཡིན་ཞེ་ན། ང་ཚོས་དང་པོ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མཎ་ཊོ་རུ་སླེབས་ཏེམཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་ཉེ་འཁོར་གྱི་དགོན་པ་རྣམས་མཐོང་ཚེ། སྐུ་ཉིད་ཀྱི་ཞལ་ནས་མི་ཞིག་ལ་གནས་འདིར་རྒྱལ་བ་ཇོ་ནང་བའི་དགོན་པ་ཡོད་པ་རེད་དམ་ཞེས་དྲིས་སོང་། མི་དེས་ཕལ་ཆེར་མེད་པ་འདྲ། ངས་གོ་མྱོང་མེད་ཅེས་ལན་བཏབས་པས། ཁོང་གིས་ཨོ་འདིར་ཇོ་ནང་དགོན་པ་ཞིག་འདེབས་རྒྱུ་ཡིན་གསུངས་པས། ང་ཚོ་ལམ་གྲོགས་ཚོ་གད་མོ་ཤོར་སོང་། རྒྱུ་མཚན་ཅི་ཡིན་ཞེ་ན། དེ་དུས་ང་ཚོར་དགོན་པ་ཞིག་འདེབས་པའི་བློ་སྤོབས་མ་དགོས། དེ་རིང་གི་ཁ་ཟས་ལོན་ནའང་སང་ཉིན་གྱི་ཁ་ཟས་རེག་འེ་ཡོང་བསམ་པས་དུས་སྐབས་ཤིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། མི་རེའི་ལག་ན་བལ་སྒོར་བརྒྱ་གྲངས་རེ་ཡོད་མེད་གཉིས་ཀ་ཡིན། ད་ལྟ་བལ་ཡུལ་ཡང་ལེ་ཤོད་དུ་རྒྱལ་བ་ཇོ་ནང་བའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་རྒྱས་པའི་དགོན་ཆེན་འདི་འདྲ་ཞིག་བཞེངས་འདུག་གསུངས་ནས་ཕྱག་གཉིས་ཐལ་མོ་སྦྱར་སོང་། དེ་ལྟར་རླབས་ཆེན་གྱི་ཐུགས་བཞེད་གྲུབ་པའམ་འགྲོ་དོན་དུས་སུ་བབ་ནས། ཕྱི་ལོ་ཉིས་སྟོང་ལྔ་ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཇོ་ནངདགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ཕྱག་འདེབས་མཛད། ལོ་ཤས་རྗེས་གྲྭ་བ་མང་དྲག་པ་དང་། གནས་དེར་འདུ་འཛི་ཅུང་ཆེ་བའི་དབང་གིས་གནས་མཆོག་ཡང་ལེ་ཤོད་དུ་གནས་སྤར།


ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་བརྒྱད་པར་དོལ་པོའི་སྡེ་དཔོན་ཡུལ་མི་ཀུན་གྱིས་གདན་ཞུས་ལྟར། མཆོག་སྤྲུལ་རིན་པོ་ཆེས་སྤྱིར་སེམས་ཅན་གྱི་འགྲོ་དོན་དང་། ཁྱད་པར་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བསྟན་པའི་གནས་བབ་ཐུགས་ལ་བཅངས་ནས། དེའི་སྐབས་ཀྱི་བལ་ཡུལ་ཇོ་ནང་དགོན་གྱི་མཁན་པོ་རིན་ཆེན་རྒྱ་མཚོ་སོགས་གྲྭ་འཁོར་བཅས། སྐུ་ངལ་སོགས་ལ་མ་འཛེམས་པར་ཉིན་དྲུག་བདུན་ཞིག་གི་རིང་ལ་ཉེན་ཁ་ཆེ་བའི་ཀྱག་ཀྱོག་གི་ལམ་ཕྲང་དང་། རི་གཟར་ཀྱི་འབབ་ཆུ་སོགས་ཞབས་ཐང་གིས་བཅད་དེ་གནས་དེར་ཕེབས་སྐབས། ལམ་བར་དུ་གཞི་བདག་མི་མ་ཡིན་གྱི་བར་ཆད་ཡིན་ནམ། གློ་བུར་དུ་ནམ་མཁར་སྤྲིན་ནག་འཁྲིགས། གློག་ཞགས་དང་འབྲུག་སྒྲས་བར་སྣང་ཁེངས་ཏེ། སེར་བ་དྲག་པོ་བབས་ནས་ལམ་ཁར་འགྲོ་མི་ཐུབ་པ་བྱུང་བས། མཆོག་སྤྲུལ་རིན་པོ་ཆེས་དབང་ཆེན་རྟ་མཆོག་རོལ་བའི་བསྐྱེད་རིམ་ལ་གནས་ཏེ་ཕྱག་འཁར་ས་ལ་བརྡབས་པས། དེ་མ་ཐག་ཏུ་སྟེང་གི་དབུ་ཐད་ནས་སྤྲིན་པ་སོ་སོར་འཐོར་ནས་ནམ་མཁའ་གཡའ་དག་པར་གྱུར་པ་སོགས་ཀྱི་མཛད་པ་གནང་བ་ཡང་ཕྱག་རོགས་གྲྭ་བ་རྣམས་ཀྱིས་དངོས་སུ་མཐོང་། དེ་ལྟར་ཀ་ཡོ་རིའི་གནས་མདུན་གྱི་དོལ་པོ་སངས་རྒྱས་ཀྱིས་ཕྱག་འདེབས་མཛད་པའི་སྤུ་དགོན་བདེ་ཆེན་ཆོས་གླིང་དུ་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་ལམ་སྟོན་དང་ཚེ་དབང་སོགས་གནང་། དེའི་སྐབས་སུ་ཡུལ་དེའི་དགོན་སྡེ་མང་པོ་བདག་སྐྱོང་གནང་མཁན་གྱི་ཀོ་མང་སྤྲུལ་སྐུ་ཞེས་པའི་བླ་ཆེན་ཞིག་ཡོད་པ་མཆོག་སྤྲུལ་རིན་པོ་ཆེའི་མདུན་དུ་ཕེབས་ནས། སྡེ་དགོན་ཡོངས་ཀྱི་ཚབ་བྱས་ཏེ་གསུངས་དོན། དོལ་པོ་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གྱི་སྤྲུལ་བའི་སྐུ་མཆོག་ཁྱེད་ལྟ་བུ་འདིར་ཕེབས་པ་ངེད་སྡེ་དགོན་ཡོངས་ཀྱི་བསོད་ནམས་རེད། དེ་རིང་ནས་དོལ་པོ་སངས་རྒྱས་ཀྱི་གདན་ས་འདི་ཁྱེད་ལ་ཕུལ་བ་ཡིན་གསུངས་ནས་ཞུ་ཡིག་དང་བཅས་པ་ཕུལ།


དགོན་པ་འདི་སྔོན་མ་ཞིག་རལ་དུ་སོང་ཡོད་ནའང་ཀོ་མང་སྤྲུལ་སྐུའི་ཁུ་བོ་ཀརྨ་ལྷུན་གྲུབ་ཅེས་པ་རྟེན་སྔགས་འཆང་དང་སྨན་པ་གཉིས་ཀ་ཡིན་པའི་བླ་མ་རྩ་ཆེན་ཞིག་ཡོད་པ་ཁོང་གིས་ལོ་ཉི་ཤུའི་སྔོན་དུ་ཞིག་གསོ་མཛད་དེ། འདུ་ཁང་ཆུང་ཆུང་གཅིག་དང། གྲྭ་ཁང་ཁ་ཤས་ཤིག་བཞེངས་ཡོད། དེའི་སྐབས་སུ་སྤུ་དགོན་པ་མ་གཏོགས་མཚན་གཞན་མེད་ཀྱང་མཆོག་སྤྲུལ་རིན་པོ་ཆེས་སྤུ་དགོན་བདེ་ཆེན་ཆོས་གླིང་ཞེས་བཏག་གནང་མཛད་ཅིང་། འདུ་ཁང་ལ་མཐིལ་ཤིང་དང་། ཐོག་འབེབ། རི་དྭགས་ཆོས་འཁོར་སོགས་ཀྱང་གསར་བཞེངས་མཛད། ཕྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཕྱི་ཟླ་བཅུ་བར་སླར་ཡང་སྡེ་འབངས་ཀུན་གྱིས་གདན་ཞུ་བྱས་པས།  ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞལ་ནས།  གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ལ་ལྟོས་མེད་པར། །ངན་སོང་གསུམ་གྱི་སྡུག་བསྔལ་ཡང་། །གཞན་གྱི་དོན་དུ་བཟོད་པར་ཤོག །ཅེས་གསུངས་པ་ལྟར། དེའི་སྐབས་སུ་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་བསྙུན་གཞི་ཅུང་ཚབ་ཆེན་ཡིན་ཡང་། བྱང་ཆུབ་སེམས་དཔའི་གོ་ཆ་ཕྲག་ཏུ་བཞེས་ཏེ་ཉེན་ཁ་ཆེ་བའི་ལམ་ཕྲང་། གྲང་ངད་ཆེ་བའི་གནམ་གཤིས་སོགས་གང་ལའང་མ་འཛེམས་པར་སྐུ་འཁོར་གྲྭ་བ་སུམ་ཅུ་ལྷག་དང་བཅས་ཡུལ་དེར་ཕེབས་ནས། སྤུ་དགོན་བདེ་ཆེན་ཆོས་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཉིན་གསུམ་རིང་མཛད་ཅིང་། སྡེ་བ་གོང་འོག་རྣམས་ཀྱི་སེར་སྐྱ་མང་ཚོགས་ཡོངས་ལ་དུས་ཀྱི་འཁོར་ལོའི་དབང་དང་། ཚེ་དབང་། བཀའ་སློབ་ཟབ་རྒྱས་བཅས་གནང་།


དེའི་སྐབས་སུ་ཡང་ཉི་གསལ་གྲོང་སྡེའི་འགན་ཁུར་བ། བལ་ཡུལ་ཇོ་ནང་དགོན་དུ་བཞུགས་པའི་སྤྲུལ་སྐུ་ཚེ་དབང་རིག་འཛིན་གྱི་ཕུ་བོ། སློབ་གཙོ་པདྨ་ཚེ་རིང་ལགས་ཀྱིས་ཡུལ་དེའི་ཉི་གསལ་དགོན་པའང་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བས། རིན་པོ་ཆེས་ཉི་གསལ་དགོན་ངེས་དོན་ཀུན་བཟང་ཆོས་གླིང་ཞེས་དགོན་མཚན་ཕུལ། གཞན་ཡང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱི་བཞེངས་བའི་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་འཁྲིས་སུ་ཡོད་པའི་འཕགས་སྡེ་ཞེས་པའི་གྲོང་ཚོ་དེ་ཡུལ་དེའི་སྡེ་དཔོན་གྱིས་མཆོག་སྤྲུལ་རིན་པོ་ཆེར་ཕུལ་ནས། གྲོང་ཚོ་འདིའི་ལས་སྐྱིད་སྡུག བྱ་ཡག་ཉེས་ཚང་མ་རིན་པོ་ཆེའི་གཟིགས་རོགས་གནང་ཞེས་ཞུ་བ་ཕུལ། དེ་ནས་མཆོག་སྤྲུལ་རིན་པོ་ཆེས་ཡུལ་དེའི་གནས་ཚུལ་ལ་ཞིབ་གཟིགས་མཛད་པས། གྲོང་ཚོ་དེའི་བྱིས་པ་ཉི་ཤུ་ལྷག་བལ་ཡུལ་ཇོ་ནང་དགོན་དུ་གྲྭ་བ་བྱས་ནས་སློབ་གཉེར་གནང་བཞིན་པ་མ་གཏོགས། ཡུལ་དེར་འབྱོར་བ་ཧ་ཅང་ཞན་པའི་དབང་གིས་་སློབ་གྲྭ་ཡང་ཚུགས་ཐུབ་མེད་པའི་གནས་ཚུལ་ལ་གཞིགས་ནས། སྒོ་མང་མཆོད་རྟེན་ཆེན་མོའི་འདབས་སུ་སློབ་ཆུང་ཞིག་བཙུགས་ཡོད། ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོར་སློབ་མ་བཅུ་དྲུག་དང་དགེ་རྒན་གཉིས་ཡོད། ད་ལོར་དགེ་སློབ་ཉི་ཤུ་རྩ་བདུན་ཡོད། བསླབ་གཞི། བོད་ཡིག བལ་ཡིག དབྱིན་ཡིག རྩིས་རིག་སོགས་སློབ་གཉེར་བྱེད་བཞིན་ཡོད། ཡིན་ནའང་འབྱོར་བ་མ་འདང་བའི་དཀའ་ངལ་ཧ་ཅང་ཆེ། འོན་ཀྱང་མགོ་ལོག་ལྕམ་མདའ་དགོན་ཀྱི་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད་མཆོག་གི་ཐུགས་བསྐྱེད་དང་བཀའ་གནང་བ་ལ་བསྟེན་ནས། ཁོང་གི་དངོས་སློབ་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་མཆོག་གིས་སློབ་གྲྭ་དེའི་ཕྱི་ནང་གི་ཆ་རྐྱེན་ཆ་ཚང་སྦྱར་རྒྱུའི་ཐུགས་ཞལ་བཞེས་གནང་ཡོད་པས། བཀའ་དྲིན་དང་ཐུགས་རྗེ་བླ་ན་མེད་པ་ཆེ་ཞེས་ཞུ་བཞིན་ཡོད། སློབ་ཆུང་འདི་ནས་འཛིན་རིམ་དྲུག་པ་ཚར་རྗེས་བལ་ཡུལ་མཐོ་འབྲིང་གི་སློབ་གྲྭ་འདོན་དགོས་པས། མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ཇོ་ནང་དགོན་གྱི་ཉེ་འདབ་ཏུ་སློབ་ཁང་གསར་འཛུགས་བྱེད་བཞིན་པ་བཅས་གནས་སྐབས་ཀྱི་མཛད་འཕྲིན་གྱི་ཆ་ཤས་ཙམ་མོ།།


མཆོག་སྤྲུལ་རིན་པོ་ཆེས་ང་ལ་“ཁྱེད་དོལ་པོའི་ཡུལ་གྱི་སྔགས་པ་རྣམས་ལ་ཇོ་ནང་སྦྱོར་དྲུག་གི་སྔོན་འགྲོ་དང་། མང་ཚོགས་རྣམས་ལ་དགེ་སྡིག་བླང་དོར་གྱི་ཆོས་ཁྲིད་རེ་བྱེད་དུ་འགྲོ་དགོས་”ཞེས་བཀའ་གནང་སོང་། ང་ལྟ་བུའི་ཤེས་འཇོན་རྟོགས་གསུམ་གང་ཡང་མེད་པ་ཞིག་ལ་འདི་ལྟར་བཀའ་འབེབ་དོན་ནི། རྒྱ་བལ་འབྲུག་གསུམ་ལ་རྒྱལ་བ་ཇོ་ནང་བའི་བསྟན་པ་ཉམས་དམའ་ཞིང་ཉག་ཕྲ་བའི་གནས་བབ་ལ་བསྟེན་ནས་བཀའ་འདི་བབ་པ་ཡིན་རྒྱུ་རེད། དེར་བརྟེན་ཕན་ཅུང་ཙམ་རེ་ཐོག་འེ་ཡོང་སྙམ་ནས་བཀའ་དང་ལེན་བྱས་ཏེ། ཕྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཕྱི་ཟླ་བཅུ་བ་ནས་བལ་ཡུལ་བརྒྱུད་དེ་དོལ་པོར་སོང་། གངས་འདབས་ཀྱི་གྲང་ངད་དང་། འབྱོར་མེད་ཀྱི་འཆོ་བའི་ཁྲོད་ནས་འཁྱག་ལྟོགས་སྐོམ་གསུམ་གྱི་འཚོ་བ་ལ་ཁ་གཏད་བཅགས་ནས་ཟླ་བཞི་ཙམ་ལ་བསྡད་དེ། སྔགས་པ་ཚོར་ཁྲིད་ཡིག་མཐོང་་དོན་ལྡན་ལྟར་ཐུན་མོང་གི་སྔོན་འགྲོ་དང་། སྡེ་བ་གོང་འོག་ཚང་མར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ། ནང་ཆོས་ངོ་སྤྲོད། བློ་ལྡོག་རྣམ་བཞི། ལམ་གཙོ་རྣམ་གསུམ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། མ་ཎི་བསོགས་སྒྲུབ་སོགས་ཟླ་གཅིག་ལྷག་ལ་བྱས་ནས། མཚམས་བསྙེན་སྒྲུབ་དང་གནས་སྐོར་གང་འཚམས་བྱས་པ་བཅས་སོ། །གནས་མཆོག་ཀ་ཡོ་རིའི་བྱུང་བ་བརྗོད་པ་དང་ཡུལ་དེར་ཡང་དར་བསྟན་པའི་གནས་བབ་བཅས་མདོ་ཙམ་བརྗོད་པ་རེ་ཞིག་རྫོགས་སོ།།       

སྤྱི་ལོ་༢༠༢༠ ས་ག་ཟླ་བའི་ཚེས་༡༠ ལ་བྱང་ཨ་རིའི་གྲོང་ཁྱེར་ཉེའུ་ཡོར་ཁིའི་ཇོ་ནང་ཆོས་ཚོགས་ཕུན་ཚོགས་རྡོ་རྗེ་གླིང་ནས། གཙང་རིགས་ཆོས་འབྱོར་རྒྱ་མཚོས།

 

ཡོངས་ཁུངས། ཀ་ལཱ་པའི་འཕྲིན་སྟེགས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།