ལས་འབྲས་ལ་ཁྱད་གསོད་ག་ལ་རུང་།
ལས་འབྲས་ལ་ཁྱད་གསོད་ག་ལ་རུང་། འོག་མ་ལ་བརྙས་བཅོས་དང་མཐོ་སྤྱོད་སོགས་དེ་བས་ཀྱང་མི་སྲིད་པ་གཞི་རྩར་བྱས་ནས། རང་ལུགས་མཐུན་མོང་མ་ཡིན་པ་ཡང་གསང་སྔགས་ལུགས་ལས། རྫོགས་པ་ཆེན་པོའི་རང་མལ་འདུག་ཚུགས་ཡེ་ཇི་བཞིན་པའི་ངང་ལས་ནམ་ཡང་གཡོ་མེད་ཀྱི་དགོངས་ངོ་བླ་མར་ཤར་རྒྱུའི་ནང་གསལ་འཕར་མ་འདི་ལས་ལྷག་པའི་མན་ངག་མེད་པར་སྣང་ཚུལ་ཡང་། མི་ཕམ་རིན་པོ་ཆེས།
“དེ་ཡང་རང་ལུགས་རྡོ་རྗེ་རྩེ་མོའི་གྲུབ་མཐའ་སྙོགས་མི་སྙོགས་ཀྱི་གནད་ཆེན་གལ་བོ་ཆེ་ནི།
ཐོས་བསམ་རྒྱ་ཆེན་པོ་དང་བསགས་སྦྱང་ཕྱི་ཚུལ་ཇི་ལྟར་ཕུན་སུམ་ཚོགས་པར་བྱས་ཀྱང་། དེ་ཁོ་ནས་ཐུན་མིན་ལམ་གྱི་གྲུབ་མཐའ་ཟིན་པའི་ངེས་པ་མེད་ཅིང་།
རྫོགས་པ་ཆེན་པོའི་དོན་བརྒྱུད་དང་ལྡན་པའི་བླ་མ་སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་མན་ངག་སྙན་ཁུང་བརྒྱུད་ནུས་པ།
རང་དང་སྐལ་བ་མཉམ་པའི་མི་ཡི་ཚུལ་དུ་བསྟན་པའི བཤེས་གཉེན་ཆེན་པོ་དེ་ལྟ་བུ་གང་ན་ཡོད་ཀྱང་།
ཡོན་ཏན་དེ་ཁོ་ནས་སངས་རྒྱས་དང་མཚུངས་པར་རྙེད་དཀའ་བའི་འདུ་ཤེས་ཀྱི་སྒོ་གསུམ་གཡོ་ཟོལ་མེད་པར་གུས་པས་བསྟེན་ནས་ཐུགས་མཛོད་ལོན་པ་དེ་གཅིག་པུས་རྡོ་རྗེ་སྙིང་པོའི་གྲུབ་མཐའ་སྙོགས་པ་འབྱུང་བས་ན།
རྒྱལ་བ་རིག་འཛིན་བརྒྱུད་པ་དང་བཅས་པས་ཡང་ཡང་གསུངས་པ་ལྟར། གསང་སྔགས་སྙིང་པོའི་ལམ་འཚོལ་རྣམས་ཀྱིས་བླ་མ་མཚན་ཉིད་དང་ལྡན་པ་དབང་བཞི་པའི་ཡེ་ཤེས་ལ་མྱོང་བ་ཅན་བསྟེན་པ་ལས།
གཞན་གང་གིས་ཀྱང་མི་ཕན་པ་འདི་ཁོ་ན་མི་ཤེས་སུ་མི་རུང་བའི་གནད་ཡིན་པས། རིག་འཛིན་གོང་མ་རྣམས་ཀྱི་ལམ་མ་ནོར་བ་འདི་ལ་ལམ་ཉིད་དུ་ངོ་ཤེས་པའི་ངེས་ཤེས་སུ་ལ་ལྡན་པ་དེ་ལ་གསང་སྔགས་སྙིང་པོའི་སྐལ་བ་ཡོད་པའི་ཕྱིར།
ཐོབ་གྲངས་དང་བཟླས་གྲངས་བླ་མ་མང་པོ་བསྟེན་པའི་གྲངས་ཙམ་ཞིག་ལ་བློ་གདེང་མི་འཆའ་བར། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དཔལ་ལྡན་བླ་མའི་ཞལ་ནས་མཉན་ཏེ།
དེ་ལ་ནན་ཏན་སྙིང་པོར་བྱ་བ་འདི་ཁོ་ན་བཤད་བཤད་ཀྱི་སྙིང་པོ། སྒྲུབ་སྒྲུབ་ཀྱི་འབྲས་བུ། བཙལ་བཙལ་གྱི་དོན་པོ་ཡིན་པས་གནད་འདི་མ་སྟོར་བར་གྱུར་པ་ཅིས་ཀྱང་གལ་ཆེའོ།།”
ཞེས་གསུངས་པ་ལྟར། ཚེ་རབས་སྔོན་ལས་ཀྱི་བླ་མ་ཟེར་རྒྱུ་འདྲ་བོ།
མཇལ་བ་ཙམ་ཀྱི་མོས་གུས་སྐྱེ་བ།
གསུངས་པས་རྒྱུད་ལ་ཕན་ཐོག་པ། ངེས་ཤེས་འདྲོངས་པ། དེ་ལ་དགའ་དད་ཁོ་ནས་བཟོད་དུ་མེད་པ་ཞིག་དགོས་པ་ཡིན།
འདི་ནས་བྱང་ཆུབ་བར་དུ་གསོལ་བ་བཏབ། ཐུགས་ཡིད་དབྱེར་མེད་བསྲེ། ཡེ་ཤེས་བླ་མ་འདི་མངོན་དུ་གྱུར་ནས་བཟུང་སྟེ་ནམ་ཡང་འབྲལ་བ་མེད་པར་བསྒོམ།
ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་རྣམས་མ་ནོར་པར་ཁོང་དུ་ཆུད་པར་བྱའོ། །ལྷན་སྐྱེས་ཡེ་ཡིན་ཁ་སྦྱོར་གསང་གནད་དམ་པ་འདི་ཡང་དོལ་ཤཱཀ་པས་བཏུས་ནས་རྫོགས་ཆེན་གླིང་དུ་བཀྲམ་པའོ།།
མ་རིག་གཏི་མུག་གི་ངོ་སྤྲོད་པ།
ཡ་རབས་མཐུན་ཚོགས་ནང་བཞུགས་མཁྱེན་ཡངས་མ་པདྨ་དབང་མོ་མཆོག་གི་དྲི་བ་བྱུང་བ་ལས་ལན་ཕུལ་བ་ནི། དུག་གསུམ་གྱི་རྩ་མིང་ལས། ཟུར་དུ་བཀར་མིང་ཡ་གྱལ་གཏི་མུག་ཟེར་བ་དེ་སྤྱིར་སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན་པས་དེ་དག་པར་བྱེད་པ་དང་། འཕོ་འགྱུར་གཏོང་དགོས་པ་དང་གཙང་མ་བཟོ་ཕྱིར་སངས་རྒྱས་ཀྱིས་ཐབས་ཤེས་མང་པོ་གསུངས་ཡོད་ཀྱང་།
སྔགས་ལམ་ལ་གནས་པའི་རྣལ་འབྱོར་པས་མ་རིག་པའམ་གཏི་མུག་ལ་དེ་ཙམ་གྱི་སྡུག་མོ་ཞིག་རྩི་མི་ལོག་པའི་གནད་མཁྱེན་དགོས། མ་རིག་གཏི་མུག་ཟེར་བ་དེའི་ཐོག་མའི་འབྱུང་ཁུངས་ནི་འདི་ལྟར་ཡིན་ཏེ།
ཚུལ་ཇི་ལྟར་ཤར་ན། གཞི་སྣང་དུ་ཤར་དུས་ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་ཡུལ་དཔྱོད་ནུས་སུ་རང་ཤར་བ་དེ།
རང་ངོ་མ་ཤེས་པ་ལ་ལྟོས་ནས་མ་རིག་པ་གསུམ་དང་མཚུངས་ལྡན་དུ་ཤར་ཏེ། ཀ༽རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཤེས་པར་སྐྱེས་པ་དེ་ཉིད་དུ་མ་ཤེས་པ་དང། ཁ༽ལྷན་ཅིག་སྐྱེས་པའི་མ་རིག་པ་རང་ངོ་མ་ཤེས་པ་དེ་དངཤེས་པ་དེ་གཉིས་ལྷན་ཅིག་སྐྱེས་པ་དང། ག༽ཀུན་བརྟགས་པའི་མ་རིག་པ་རང་སྣང་ལ་གཞན་དུ་དཔྱོད་པའི་ཆ་དང་གསུམ་མོ།
།དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ངོ་བོ་གཅིག་ཏུ་ཡོད་པ་དེས་རང་སྣང་ལ་དཔྱོད་པ་ན།
གཞི་ངོ་བོར་རང་བཞིན་ཐུགས་རྗེ་གསུམ་དང་གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྣང་བ་ལ་གཞི་དང་གཞི་སྣང་གི་རང་བཞིན་དུ་མ་ཤེས་ཏེ་གཞན་ཡིན་པར་བཟུང་བའི་ཁྱད་པར་ལས་འཁྲུལ་ལོ།
།འཁྲུལ་ནས་བཟུང་མ་རིག་གཏི་མུག་འདི་ལ་སྡུག་སྡུག་པོ་ཞིག་བརྩིས་རེད་མ་རྟོགས།
ཐ་ན་ཉིན་གཅིག་གི་རིང་གཉིད་མ་ཤོར་བའི་སྲོག་ཆགས་རིགས་འཚོ་མི་ནུས་པ་སོགས་མང་པོ་ཡོང་བས་གཏི་མུག་འདི་ལ་བཟང་ངན་གཉིས་ཀའི་ཆ་ནས་ཐབས་ཀྱི་སྤྱོད་ཤེས་དགོས་པར་སྣང་།
རྫོགས་ཆེན་སོགས་སྔགས་གཞུང་ནས་གཏི་མུག་གནས་པ་ཆེན་པོ།
འདོད་ཆགས་བདེ་བ་ཆེན་པོ། ཞེ་སྡང་གསལ་བ་ཆེན་པོའང་གསུངས་ཡོད། གཏི་མུག་བྱུང་ཚུལ་ནི། ཐལ་འགྱུར་ལས། གཅིག་མ་ཤེས་པས་ཀ་དག་ལ། །ཆོས་ཉིད་རང་ངོ་མ་ཤེས་པས། །རྒྱུ་དང་མཚུངས་པར་ཉེར་ལེན་ནོ།
།དམིགས་པའི་རྟེན་ནི་ཁ་དོག་ལས། །གཉིས་ཆ་ཕྲ་བའི་རྒྱུ་རྐྱེན་གྱིས།
།འཁོར་བ་ལས་ཀྱི་དམིགས་གྱུར་རོ། །ཞེས་གསུངས་སོ། །དུག་གསུམ་གཏི་མུག་འདིའི་འཁྲུལ་ཚུལ་ནི།
དེ་ལ་རྒྱུ་མ་རིག་པ་གསུམ་དང་རྐྱེན་བཞི་དམིགས་པ་མ་དག་པའི་ཆ་ལས་སྣང་བ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་དུས་ཡིད་དྲུག་འཛིན་པ་མ་འགགས་པར་ཤར་བས།
ཉོན་མོངས་པ་དྲུག་བག་ལ་ཉལ་གྱི་ཆར་ཤར་བས་རིག་པ་བཅིངས་ཏེ་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་བ་ནི། སྒྲོན་མ་སྣང་བྱེད་ལས། དེ་ལྟར་གནས་པའི་གཞི་དེ་ལས།
རྒྱུ་དང་འཁྲུལ་པའི་ས་བོན་ནི། གསལ་བའི་ཆ་ནི་ཕྱིར་ཤོར་བས། ཤེས་པ་གསལ་གསལ་རིག་རིག་སྟེ།
མ་རིག་པ་ནི་གསུམ་དག་ལས། ཡིད་ཙམ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་དེ་བདག་ཏུ་བཟུང་པའི་བློས།
།གཞི་དང་གཞི་ཡི་སྣང་ཆ་ལ། །གཞི་དང་གཞི་ཤེས་ཁྱད་པར་འཁྲུལ།
།འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས།
།སྣ་ཚོགས་སྣང་བའི་གསལ་ཆ་འགགས། །ཡིད་དྲུག་འཛིན་པ་མ་འགགས་པས།
།ཉོན་མོངས་དྲུག་གིས་བདག་བཅིངས་པ། །ཡུལ་དྲུག་སོ་སོར་སྣང་བ་ཤར།
།དེ་ལྟར་ཡུལ་ལ་བདག་བཟུང་བའོ། །ཞེས་དང་། རང་ཤར་ལས། མ་རིག་པ་ནི་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་པ་ལམ་གྱི་མ་རིག་པ་དང་། མ་ཤེས་པ་རྨོངས་པའི་མ་རིག་པ་དང་། དེ་ལྟར་མ་རིག་པ་རྣམ་པ་དྲུག་བྱུང་སྟེ་རང་གི་སྣང་བ་མི་མཐོང་ཞེས་སོ།
།འཇིག་རྟེན་པ་རྣམས་གཏི་མུག མུན་ནག གླེན་པ། སྐུགས་པ། མི་ཤེས་པ།
རྨོངས་པ་སོགས་ཟེར་སྟངས་མང་ངོ་།།
རྫོགས་ལུགས་ཆེན་མོ་ལྟར་ན་མ་རིག་པ་ཞེས་ངོ་བོ་གཞི་མེད་རྩ་བྲལ་ཡེ་སྟོང་ལས། རང་བཞིན་འགག་པ་མེད་པའི་རོལ་ཆ་ཙམ་དུ་སྣང་ངོ་སེམས་འཛིན་ལུགས་ཀྱི་མིང་ངན་རྟགས་པར་ཟད་དོ། དོན་ནི་མདོ་ལས་ཀྱང་ཐོབ་པ་མེད། མ་ཐོབ་པ་ཡང་མེད། མ་རིག་པ་མེད།
ཟད་པའི་བར་དུའང་མེད་དོ་ཞེས། ཚིག་བླ་དྭགས་ཀྱི་འབྱུང་ཁུངས་གཉིས་པ་ཙམ་ལས། རྒྱུ་མཚན་དང་ཡིན་ལུགས་མང་པས་ཀྱང་ཕན་སྒོ་ལས་གནོད་བློར་དོགས་ཤིང་ཡི་གེས་ཀྱང་འཇིགས་ནས་མ་བྲིས་སོ།
།དོལ་ཤཱཀ་ནས་བཀྲམས་སོ།།
རིམ་གཉིས་ལམ་གྱི་གཞི་མ་རྩ་རླུང་ཐིག་ལེར་ཐུག་པའི་སྐོར།
བོད་བརྒྱུད་རིམ་གཉིས་ལམ་གྱི་གཞི་མ་རྩ་རླུང་ཐིག་ལེ་ལ་ཐུག་པ་ཡིན། དེ་ཡང་གཙོ་བོ་རྩ་ལ་ཐུག་ཅིང་འཁོར་ལོ་བཞིའི་རྣམ་པར་འབྱེད་དོ། །འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་བའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའོ།། ཀ༽དེ་བཞི་ཡོད་ན་ལུས་ངག་ཡིད་གསུམ་དང་། དེ་གསུམ་གཉིས་སུ་མེད་པའི་རང་བཞིན་ཅན་ངོ་མཚར་ཀུན་གྱི་གཞི་ཡོད་དོ།། ཁ༽དེ་བཞི་ཡོད་ན་བདེན་པ་བཞིའི་ཆོས་འཁོར་ཡོད་ཅིང་རྒྱུད་སྡེ་བཞི་ཡང་ཡོད་དོ།། ག༽དེ་བཞི་ཡོད་པས་སྡེ་གནོད་བཞི་བ་ཡང་ཡོད་ལ། གནས་ལུགས་རྫོགས་པ་ཆེན་པོ་ཞེས་ཆོས་ལུགས་ཀྱིས་བཅིངས་ནས་དོན་བསྟན་དུའང་ཡོད་དོ།། ང༽དེ་ལས་ཁམས་དབང་རིགས་དང་བཅས་པ་བཞིའི་སྡེ་ཚན་ཧ་ཅང་གི་མང་པོར་དབྱེར་ཡོད་དོ།། ཅ༽སྐྱེ་དགའ་ན་འཆི་བཞི་ཟློག་ཕྱིར་དཀོན་མཆོག་བཞི་བའི་བར་དུ་བསྟན་པའང་བྱུང་ངོ་།། ཆ༽དེ་ལས་བློ་ཟློག་རྣམ་པ་བཞིའི་མཐུན་རྐྱེན་ལ་རྟེན་ནས། རྒྱུ་ཚད་མེད་བཞིའི་སེམས་སྐྱེད་སོགས་ཤར་བའི་གཞི་རྩར་བྱུང་ངོ་།། ཇ༽དེ་ལས་དབང་བཞི་བསྐུར་ཅིང་བསྙེན་སྒྲུབ་ཡན་ལག་བཞི་དང་གཟེར་བཞིའི་མན་ངག་དང་འབྲེལ། རིག་འཛིན་བཞིར་བགྲོད་ཀྱི་སར་གཤེགས་བ་དེ་བྱུང་པའོ།། ཉ༽དེ་ལས་དུས་བཞི་མཉམ་པ་ཉིད་ཀྱི་དོན་ལ་གནས་ཞིང་ཕྱི་འབྱུང་བ་བཞི། ནང་ཡེ་ཤེས་བཞི། གསང་བ་སྒྲོན་མ་བཞི། ཡང་གསང་བླ་ན་མེད་པའི་སྐུ་བཞིར་སྨིན་པ་ཡིན་པས་ན་རྩ་འཁོར་ལོ་བཞིར་ངེས་པ་ཡིན་ནོ། །ཤིན་ཏུ་གསང་བ་འོག་སྒོ་གསང་གནས་ཀྱི་འཁོར་ལོ་འདིར་མི་སྨྲ་རོ། ཏ༽རྩ་རླུང་ཐིག་ལེའི་ངོ་བོ་དང་བཅས་བཞི་བའི་གྲངས་ཆེན་འདི་ཡོད་ན་དེའི་མཆོག་ལ། མེད་ན་ཐབས་ཆག་པར་གཟིགས་ནས་རྣམ་འདྲེན་བཞི་བའི་སྟོན་པ་ཡང་། ཁམས་དྲུག་ལྡན་རིན་པོ་ཆེ་ལས་མངའ་བསྙེས་པས་ན་སངས་རྒྱས་བཞི་བའོ།། ཐ༽མིའི་སྒྱུ་ལུས་ལ་རྩ་རླུང་ཐིག་ལེ་དང་། དེའི་རྩ་བ་རགས་པ་འབྱུང་བཞིའི་རྩ་དང་ཕྲ་བ་འོད་རྩ་རྣམས་མེད་ན། གླིང་འདིར་སངས་རྒྱས་པའི་དུས་དང་རྣམ་གཞག་གནས་སྐབས་སོགས་ནམ་ཡང་མེད་པས་མུན་པའི་སྐལ་པར་འགྱུར་རོ། །སངས་རྒྱས་ཐོབ་པའི་གནད་གསང་འདི་ནི་མཆེད་གྲོགས་ཨོ་རྒྱན་ཆོས་དབང་གི་དྲིས་ངོར་ལན་དུ་ཕུལ་བ་པོ་ནི་དོལ་ཤཱཀ་སྨྱོན་པས་སོ།།
ཡོངས་ཁུངས། དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་ཚོམས་ཆེན་མོ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།