རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 15 June 2020

དབུ་མ་རྒྱན་གྱི་ཞིབ་འཇུག་གི་གནས་བབ་རོབ་ཙམ་གླེང་བ།

རྩོམ་པ་པོ། རིན་ཆེན་ལྷུན་གྲུབ།

  དེང་དུས་འཛམ་གླིང་གི་ས་གནས་སོ་སོའི་མཁས་པ་དང་ཞིབ་འཇུག་པ་སོགས་ཀྱིསསངས་རྒྱས་ཆོས་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་དང་བྱེད་བཞིན་པའི་སྣང་ཚུལསྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པས། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་བའི་གནད་གང་ཡིན་པ་མ་འཁྲུལ་མ་ནོར་བར་ཤེས་རྟོགས་བྱེད་རྒྱུ་ལསམ་རྟོགས་པའི་ལོག་བཤད་ལ་གཟབ་པར་གལ་ཆེན་པོ་རེད། དེ་བསསངས་རྒྱས་ཆོས་ལུགས་ནིམདོ་སྔགས་གཉིས་ཀྱིས་གྲུབ་པ་ལསམདོ་ཕྱོགས་གཞུང་བཀའ་པོད་ལྔའི་ནང་གི་དབུ་མ་ལ་དབྱེ་ནདབུ་མ་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ཡོད། དང་པོ་ལ་གཉིས་ཏེརྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའོ། །དེ་ལས་དང་པོ་ནིམཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་གྱི་བསྟན་བཅོས་མཛད་ནསརྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས་པ་ཡིན་པ་གང་ཞིག བོད་གངས་ཅན་ལ་མཚོན་ནས་བཤད་ན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་རབ་བྱུང་གི་སྡེ་བཙུགས་ནས་སངས་རྒྱས་ཆོས་ལུགས་ཆེས་ཆེར་དར་བ་ནིམཁན་ཆེན་ཞི་བ་འཚོ་དང་རག་ལས་པར་མ་ཟད། ཐོག་མར་བོད་ནས་འདུལ་བ་དང་དབུ་མའི་ལྟ་བ་འཆད་མཁན་ཡང་ཡིན་ཞིང་། དེའི་སྐབས་ཀྱི་ལྟ་བ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་པས། དབུ་མ་རྒྱན་གྱི་བསྟན་བཅོས་ལ་ཞིབ་འཇུག་བྱེད་རྒྱུ་ནི་གལ་འགངས་ཆེ་བའི་གནད་ཅིག་ཡིན། དེ་ནས་གཤམ་དུ་དབུ་མ་རྒྱན་གྱི་བསྟན་བཅོས་ལ་ཞིབ་འཇུག་བྱས་པའི་གནས་བབ་རགས་ཙམ་གླེང་བར་བྱའོ།།


དང་པོ། རྒྱ་གར་དང་བོད་ནས་ཞིབ་འཇུག་བྱས་པའི་གནས་བབ།

  རྒྱ་གར་དུ་མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་གྱི་རྩ་འགྲེལ་མཛད་པ་ནས་བཟུང་དབུ་མ་རྒྱན་གྱི་གཞུང་ལ་ཐོས་བསམ་དང་འཆད་ཉན་མང་པོ་བྱས་ནསསློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ་དབུ་མའི་ལམ་གྲུབ་པ་དང་། དབུ་མ་རྒྱན་གྱི་མན་ངག་བཅས་བསྟན་བཅོས་གཉིས་དང་། ཀ་མ་ལ་ཤཱི་ལས་བརྩམས་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་སོགས་དང་། སློབ་དཔོན་སེང་གེ་བཟང་པོ་དང་ཆོས་ཀྱི་བཤེས་གཉེན་སོགས་ཀྱིས་དར་ཞིང་རྒྱས་པར་མཛད་པ་རེད། ང་ཚོ་བོད་ལ་མཚོན་ན། བསྟན་པ་སྔ་དར་གྱི་སྐབས་སུ་འཆད་ཉན་དར་རྒྱས་ཅུང་ཙམ་ཕྱིན་ཡོད་པ་དང་། བསྟན་པ་ཕྱི་དར་གྱི་འགོ་ཚུགས་པ་ནས་བཟུང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ (1059-1109) ཀྱིས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ་དང་བསྡུས་དོན། "ཕྱཱ་བ་ཆོས་ཀྱི་སེང་གེས་ (1109-1169) མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ་རྒྱ་ཆེར་བཤད་པ།" ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་ཀྱང་གཞུང་འདི་གལ་ཆེན་དུ་འཛིན་པ་དང་། བཅོམ་ལྡན་རིགས་པའི་རལ་གྲིས་ (1227-1305) མཛད་པའི་དབུ་མ་རྒྱན་གྱི་རྣམ་པར་བཤད་པ་ཚིག་དོན་གསལ་བའི་མེ་ཏོག་དང་དེའི་བསྡུས་དོན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ (1276-1342) དབུ་མ་རྒྱན་གྱི་ས་བཅད། "རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ (1357-1419) མཛད་པའི་དབུ་མ་རྒྱན་གྱི་ཟིན་བྲིས་དང་། རྒྱལ་ཚབ་རྗེའི་ (1364-1432) བརྗེད་བྱང་།" "བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་ (1376-1449) མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ། རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ།" "གུང་རུ་རྒྱལ་མཚན་བཟང་པོས་ (1383-1450) མཛད་པའི་དབུ་མ་རྒྱན་གྱི་འགྲེལ་བ།" རིགས་པར་སྨྲ་བ་དགེ་སློང་དབང་ཕྱུག་སེང་གེས་ (འབྲས་སྤུངས་དགོན་པར་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག་ཏུ་ཡོད་ལ། དུས་ནམ་ཞིག་གི་མི་ཡིན་པ་གསལ་བོར་ཤེས་མ་བྱུང་།) མཛད་པའི་དབུ་མ་རྒྱན་གྱི་དོན་ལེགས་པར་བསྡུས་པ་བཅས་འགྲེལ་བ་དང་ཟིན་བྲིས་སོགས་མཛད་ནས་ཐོས་བསམ་འཆད་ཉན་རྒྱ་ཆེན་པོ་བྱས་ཡོད། དུས་རབས་བཅོ་ལྔ་བའི་དུས་མཇུག་ནས་བཟུང་དུས་རབས་བཅུ་དགུ་བའི་བར་དུ་དབུ་མ་རྒྱན་གྱི་འཆད་ཉན་དར་མེད་པ་འདྲ། རྒྱུ་མཚན་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་གཙོ་བོར་བཟུང་ཞིང་། ལྷག་པར་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་གཞུང་འདི་གཙིགས་ཆེན་ནམ་མཐོང་ཆེན་བྱས་ནས་དེར་རྣམ་བཤད། འགྲེལ་བ། སྤྱི་དོན། མཐའ་དཔྱོད་སོགས་མང་པོ་མཛད་ཡོད་པ་ལས་གསལ་བོར་ཤེས་པའི་ཕྱིར་རོ། །དེའི་རྗེས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོས (1820-1892) རང་གི་སློབ་མ་འཇུ་མི་ཕམ་ལ་མཁན་ཆེན་གྱི་དབུ་མ་རྒྱན་གྱི་འཆད་ཉན་ད་ལྟ་ཉམ་འདུག་པས། དེ་ལ་འགྲེལ་བ་ཞིག་རྩོམ་དགོས་ཞེས་སྐུལ་མ་གནང་བ་སྟེ། "འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་སྙན་པའི་བ་དན་སྲིད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། རྒྱ་བོད་ཀྱི་འགྲེལ་པའི་ཡིག་ཆ་རྣམས་གནང་ནས་འདི་ལ་ཞིབ་ཏུ་ལྟོས་ལ་འགྲེལ་བཤད་ཅིག་གྱིས་ཞེས་པའི་རྡོ་རྗེ་བཀའ་ལུང་སྤྱི་བོར་ཕེབས་པ་གུས་པས་དང་དུ་བླངས་པའི་མོད་ལ། ཤིན་ཏུ་ཕྲ་བའི་གཞུང་ལུགས་འདི་ལྟ་བུ་ལ་འགྲེལ་པ་རྩོམ་པའི་ནུས་པ་ནི་དམན་པ་བདག་ལྟ་བུ་ལ་མེད་ནའང་། རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས་ཅུང་ཟད་འབྲི་བའི་སྤོབས་པ་སྐྱེས།" ཞེས་བྲིས་ཡོད་པ་ལས་དབུ་མ་རྒྱན་ལ་ཡང་བསྐྱར་དོ་སྣང་བྱེད་འགོ་བརྩམས། དེ་བས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་པ་སྤྱི་ལོ་ 1876 ལོའི་བོད་ཟླ་གསུམ་པའི་ཚེས་གསུམ་ནས་ཚེས་ཉེར་བཞིའི་བར་བརྩམས་གནང་མཛད། མཁན་ཆེན་གཞན་དག་གིས་ (1871-1927) མཛད་པའི་དབུ་མ་རྒྱན་གྱི་འགྲེལ་མཆན་བདེན་གཉིས་རབ་གསལ། མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་ཀྱི་དབུ་མ་རྒྱན་གྱི་མཚན་དོན་འགྲེལ་བ། "སྙན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) དབུ་མ་རྒྱན་གྱི་མཆན་འགྲེལ་ཉུང་ངུ་ལྟ་ངན་གཅོད་པའི་རལ་གྲི་དང་དབུ་མ་རྒྱན་གྱི་དོན་ཅུང་ཟད་བཀྲལ་བ་རིགས་པའི་ལམ་གྱི་སྣང་བ་"གཉིས་མཛད་པ་དང་། དགེ་བསྙེན་ཐེག་མཆོག་གིས་དབུ་མ་རྒྱན་གྱི་བཤད་སྦྱར་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འབྱུང་གནས(དཔེ་ཆ་འདིའི་མཇུག་ཏུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཐེག་མཆོག་བདག་གིས། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་བགྲང་བྱ་སྟོང་དང་བརྒྱ་བརྒྱད་ཅུ་རྩ་གསུམ་དུ་ཤར་བ་ན། མོན་སྐུ་རྗེས་ལྗོངས་སྤ་གྲོ་སྟག་ཚང་ག་ལ་བར། མཁན་ཆེན་ཞབས་ཀྱི་རང་འགྲེལ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་ཞབས་ཀྱི་དཀའ་འགྲེལ་དག་གིས་བཤད་ཅིང་། གཞན་ཡང་མདོ་དང་དགོངས་འགྲེལ་ཕྱིན་ཅི་མ་ལོག་པ་རྣམས་ཀྱིས་ཤིན་ཏུ་གསལ་བར་བྱས་ཏེཆོས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཞེས་བྲིས་འདུག) ཞེས་པ་མཛད།" དབང་མདའི་གྱང་སྤྲུལ་རིན་ཆེན་དོན་གྲུབ་ (1892-1960) ཀྱིས་དབུ་མ་རྒྱན་གྱི་ཟིན་བྲིས་ཉུང་ངུ་"མཛད་པ་སོགས་གཞུང་འདི་ལ་དོ་སྣང་ཆེན་པོ་མཛད་པར་མ་ཟད། ད་དུང་སྔ་འགྱུར་རྙིང་མ་བར་མཚོན་ན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནས་བརྒྱུད་ཡོང་བའི་དབུ་མ་རྒྱན་གྱི་འཆད་ཉན་གྱི་རྒྱུན་ད་ལྟ་ཡང་མ་ཉམ་པར་གནས་ཡོད་དེ། ཁམས་ཀྱི་རྫོགས་ཆེན་དགོན་པ་དང་ཀ་ཐོག་དགོན་པ། དཔལ་ཡུལ་བྱང་ཆུབ་གླིང་། གསེར་རྟ་བླ་རོང་ནང་བསྟན་སློབ་གླིང་སོགས་དང་། དབུས་ཀྱི་ཨོ་རྒྱན་སྨིན་གྲོལ་གླིང་དང་ཐུབ་བསྟན་རྡོ་རྗེ་བྲག་དགོན་པ་བཅས་སུ་འཆད་ཉན་གྱི་རྒྱུན་བསྐྱངས་བཞིན་ཡོད་མོད། འོན་ཀྱང་དེང་གི་དུས་སུ་སྤྱི་ཚོགས་ཀྱི་རིག་གནས་སྡེ་ཁག་སོ་སོར་རིག་གཞུང་སློབ་གཉེར་དང་ཞིབ་འཇུག་གནང་མཁན་གྱི་ཁྲོད་ན་གཞུང་འདི་ལ་ཆེད་དམིགས་ཀྱིས་དཔྱད་པའམ། ཡང་ན་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དང་དཔྱད་འབྲས་གཅིག་ཀྱང་མི་འདུག དེ་ནི་ང་ཚོ་ཡ་མཚན་སྐྱེས་དགོས་པའི་གནས་ཤིག་དང་སྟོང་ཆ་བསྐང་དགོས་པའི་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་རེད་སྙམ། གོང་ནས་རྒྱ་གར་དང་བོད་དུ་དབུ་མ་རྒྱན་ལ་ཞིབ་འཇུག་བྱས་པའི་གནས་བབ་ངོ་སྤྲོད་རགས་ཙམ་བྱས་པ་ཡིན།


གཉིས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་ནས་ཞིབ་འཇུག་བྱས་པའི་གནས་བབ།

  རྒྱལ་ནང་དུ་དུས་རབས་ཉེར་གཅིག་གི་དུས་མགོརགསེར་རྟ་བླ་རུང་གི་མཁན་པོ་བསོད་ནམས་དར་རྒྱས་ཀྱིསའཇུ་མི་ཕམ་གྱི་དབུ་མ་རྒྱན་གྱི་རྣམ་བཤད་ཅེས་པ་རྒྱ་ཡིག་དུ་བསྒྱུར་ནས། སྤྱི་ལོ་ 2004 ལོར་དངོས་སུ་པར་སྐྲུན་བྱས་པར་བརྟེནདབུ་མ་རྒྱན་ལ་ཞིབ་འཇུག་བྱེད་པའི་མགོ་བརྩམས་པ་རེད། སྤྱི་ལོ་ 2006 ལོའི་«ཆོས་དབྱངས»དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་དུ་བཀོད་ཡོད་པའིལོ་ཅིང་སུང་གིས་བྲིས་པའི་དབུ་མ་རྒྱན་ལ་དཔྱད་འཇོག་དང་ངོ་སྤྲོད་ཅེས་པའི་དཔྱད་རྩོམ་ལས་ཀྱང་། སྔོན་ཆད་དབུ་མ་རྒྱན་རྒྱ་ཡིག་ཏུ་བསྒྱུར་མེད་པར་མ་ཟད། མཁན་པོ་བསོད་ནམས་དར་རྒྱས་ཀྱིས་དབུ་མ་རྒྱན་གྱི་རྣམ་བཤད་རྒྱ་ཡིག་ཏུ་བསྒྱུར་བར་མཐོང་ཆེན་བྱས་ཡོད་པ་དང་། "རང་ཉིད་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཡིག་གི་ནང་དུ་ཡོད་པའི་དབུ་མ་རྒྱན་དང་འབྲེལ་ཡོད་ཀྱི་གལ་ཆེའི་ཡིག་ཆ་བསྒྱུར་མེད་པ་ནི། ད་དུང་མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་གྱི་རང་འགྲེལ། ཀ་མ་ལ་ཤཱི་ལའི་དབུ་མ་རྒྱན་གྱི་དཀའ་འགྲེལ་དང་དབུ་མ་སྣང་བ། རྗེ་ཙོང་ཁ་པའི་དབུ་མ་རྒྱན་གྱི་ཟིན་བྲིས། ཀུན་མཁྱེན་འཇམ་བཞད་ཀྱི་གྲུབ་མཐའ་ཆེན་མོ། ལྕང་སྐྱའི་གྲུབ་མཐའ་བཅས་ཡིན་པས། རྒྱ་ཡིག་ལ་མྱུར་དུ་བསྒྱུར་ཐུབ་ན་དབུ་མ་རྒྱན་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་རེད།" ཅེས་བླང་བྱ་བཏོན་འདུག དེ་ལས་དབུ་མ་རྒྱན་ལ་དེའི་ཡར་སྔོན་དུ་ཞིབ་འཇུག་བྱས་མེད་པ་གསལ་བོར་ཤེས་ཐུབ་བོ། །ད་ལྟའི་བར་དུ་མཁན་པོ་བསོད་ནམས་དར་རྒྱས་ཀྱིས་དྲ་ཐོག་ཏུ་དབུ་མ་རྒྱན་གྱི་རྣམ་བཤད་རྒྱ་ཡིག་གི་ལམ་ནས་འཆད་ཁྲིད་བྱས་པ་དང་འབྲེལ་ནསརྒྱལ་ནང་དུ་དེ་ལ་བགྲོ་གླེང་བྱེད་པའི་མི་སྒེར་གྱི་དྲ་བ་རེ་གཉིས་མ་གཏོགས་ཞིབ་འཇུག་གི་གཞི་རྒྱ་ཆེན་པོ་དར་མི་འདུག་གོ།


  རྒྱལ་སྤྱིའི་སྟེང་དུ་མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་གྱི་སྐོར་ལ་ཞིབ་འཇུག་བྱས་ཡོད་པའི་གནས་བབ་ལ་རྒྱུས་ལོན་བྱེད་པར་དཀའ་ཁག་གང་མང་ཞིག་འཕྲད་དེ། སྐད་རིགས་མི་འདྲ་བའི་དབང་གིས་རྒྱུས་ལོན་གཏིང་ཟབ་ཅིག་བྱེད་དཀའ་མོད། འོན་ཀྱང་དེའི་ཞིབ་འཇུག་གི་གནས་བབ་རགས་ཙམ་ཞུས་ན། དབུ་མ་རྒྱན་གྱི་མིང་དོན་ཙམ་གླེང་ཡོད་པ་ཅུང་མང་ཡང་ཆེད་དམིགས་ཀྱིས་ཞིབ་འཇུག་བྱས་པའི་ཕྱོགས་ནསཉི་ཧོང་གི་བོད་རིག་པའི་མཁས་པ་གྷོ་སའེ་ཡེ་མི་ཆེས་ཀྱིས་མཛད་པའིནང་བསྟན་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་སྟོད་སྨད་གཉིསཉི་ཧོང་རྒྱལ་ཁབ་ནས་སྤྱི་ལོ་ 1973 ལོའི་ཟླ་ 5 པའི་ཚེས་ 10 ཉིན་པར་སྐྲུན་བྱས་པ་རེད། དེའི་སྨད་ཆའི་ཤོག་ངོས་ 929 ནས་ཤོག་ངོས་ 948 བར་དུ་དབུ་མ་རྒྱན་གྱི་དཀྲོལ་ཀློག་བྱས་པའི་སྔོན་གྱི་གཏམ་ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་ལ། དེ་ནི་རྒྱལ་ཁབ་གཞན་ནས་དབུ་མ་རྒྱན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་སྔ་ཤོས་རེད་སྙམ། ད་དུང་ཉི་ཧོང་གི་བོད་རིག་པའི་མཁས་པ་ཡ་མ་གྷོ་ཆི་ནོ་ལེ་ཏིན་གྱིས་མཛད་པའི་དབུ་མ་རྒྱན་གྱི་ཞིབ་འཇུག་ཅེས་པའི་དེབ་གཉིས་ཉི་ཧོང་རྒྱལ་ཁབ་ནས་སྤྱི་ལོ་  1985 ལོའི་ཟླ་ 9 པའི་ཚེས་ 20 ཉིན་པར་སྐྲུན་བྱས་པ་རེད། དེའི་དེབ་དང་པོ་ནི་ཉི་ཧོང་གི་ཡི་གེ་ལམ་ན་བྲིས་ཡོད་ལ། དེའི་ནང་དུ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་གཉིས་ཀྱི་ལྟ་བའི་ཁྱད་ཆོས་སྐོར་བཤད་ཡོད་པ་དང་། དབུ་མ་རྒྱན་གྱི་རྩ་བ་དང་རང་འགྲེལ་གཉིས་ཉི་ཧོང་གི་ཡི་གེར་བསྒྱུར་བ་ལསདབུ་མ་རྒྱན་ལ་ཉི་ཧོང་རྒྱལ་ཁབ་ནས་ཞིབ་འཇུག་དངོས་སུ་བྱེད་ཐུབ་པའི་རྨང་གཞིའི་ཆ་རྐྱེན་བསྐྲུན་པ་རེད། དེབ་གཉིས་པ་དབྱིན་ཡིག་གི་ལམ་ནས་བྲིས་ཤིང་། དེའི་ནང་དུ་དབུ་མ་རྒྱན་གྱི་རྩ་བ་དང་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་གཉིསརྒྱལ་སྤྱིའི་སྒྲ་གདངས་ཀྱི་ལམ་ནས་བྲིས་ཡོད་པ་དང་། ད་དུང་སྣར་ཐང་བཀའ་བསྟན་དང་ཅོ་ནེ་བཀའ་བསྟན། པེ་ཅིན་བཀའ་བསྟན། སྡེ་དགེ་བཀའ་བསྟན་བཅས་ལས་དབུ་མ་རྒྱན་གྱི་གཞུང་ཚིག་གི་མིང་བརྡ་དང་ཕྲད་རྣམ་དབྱེ་སོགས་སྦྱར་ཡོད་མེད་བསྡུར་ནས། དེ་དག་ལས་མི་འདྲ་བ་ཟུར་དུ་ཕྱུང་ནས་བྲིས་ཡོད། དེ་ལས་དབུ་མ་རྒྱན་ལ་རྒྱལ་སྤྱིའི་སྟེང་ནས་ཞིབ་འཇུག་བྱེད་པའི་རྨང་ཙམ་བཏིང་བ་རེད་འདོད།


  རུའེ་ཧྲི་རྒྱལ་ཁབ་ཀྱི་བོད་རིག་པའི་མཁས་པ་རྗེན་མུའུ་བྷི་ལུའུ་མན་ཐ་ (Jame Blumenthl) ཡིས་མཛད་པའི་དབུ་མ་རྒྱན་དང་ཞི་བ་འཚོའི་ལྟ་བའི་སྐོར་གྱི་ཞིབ་འཇུག་ (The ornament of the mi ddleway: A study of madhyamaka Thought of shantarakshita) ཅེས་པ་སྤྱི་ལོ་ 2004 ལོར་གངས་སེང་ (snow lion) དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་རེད། དེའི་ནང་དུ་དབུ་མ་རྒྱན་གྱི་རྩ་བ་དང་། རྒྱལ་ཚབ་རྗེའི་དབུ་མ་རྒྱན་གྱི་བརྗེད་བྱང་གཉིས་དབྱིན་ཡིག་ཏུ་བསྒྱུར་ཞིང་དཔྱད་པའང་བརྗོད་ཡོད། དེ་ནས་བཟུང་དབུ་མ་རྒྱན་ལ་རྒྱལ་སྤྱིའི་སྟེང་ནས་ཞིབ་འཇུག་བྱེད་ཐུབ་པའི་རྨང་གཞི་བསྐྲུན་ཡོད་པ་རེད། ཡང་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་པ་འབུམ་རམས་པ་ཐོ་མ་སི་ (Thomas Doctor) ཡིས་མཛད་པའི་འཇུ་མི་ཕམ་གྱི་དབུ་མ་རྒྱན་གྱི་འགྲེལ་བ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ (speech of Delight: mipham's commentary on santaraitas ornament of The middle way) ཞེས་པ་སྤྱི་ལོ་ 2004 ལོར་གངས་སེང (snow lioy) དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་རེད། དེ་ནི་འཇུ་མི་ཕམ་གྱིས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་པ་དབྱིན་བོད་ཤན་སྦྱར་གྱིས་བྲིས་ཡོད་པ་དང་། ཨ་རུའི་པདྨ་ཀཱ་རའི་སྒྲ་བསྒྱུར་མཐུན་ཚོགས་ཀྱིས་ཀྱང་དབུ་མ་རྒྱན་གྱི་རྩ་བ་དང་རྣམ་བཤད་གཉིས་དབྱིན་ཡིག་ཏུ་བསྒྱུར་ནས་སྤྱི་ལོ 2010 ལོར་ཨ་རུ་རྒྱལ་ཁབ་ནས་པར་སྐྲུན་བྱས་པ་རེད། དེ་ལས་ཀྱང་དབུ་མ་རྒྱན་ལ་རྒྱལ་སྤྱིའི་སྟེང་ནས་ཞིབ་འཇུག་བྱེད་པའི་ལམ་བུ་ཇེ་ཆེར་བཏང་ཡོད་པར་བསམ། འདི་དག་ནི་རྒྱལ་སྤྱིའི་སྟེང་མིང་གྲགས་ཡོད་པའི་དབུ་མ་རྒྱན་ལ་ཆེད་དུ་ཞིབ་འཇུག་བྱས་ཡོད་པའི་མཁས་པ་དག་ཡིན་ལ། དེ་ལས་མཁས་པ་གཞན་ཡོད་སྲིད་ཀྱང་རྒྱུ་རྐྱེན་གང་མང་གི་དབང་གིས་ལག་ཏུ་རྙེད་སོན་ཐུབ་མ་བྱུང་ཡང་རྒྱལ་སྤྱིའི་ཞིབ་འཇུག་གི་གནས་བབ་དེ་ཙམ་རེད་སྙམ། རྒྱུ་མཚན་ནི་རྒྱ་བོད་དབྱིན་གསུམ་དང་ཉི་ཧོང་གི་མཁས་པ་སོགས་ལ་དངོས་སམ་བརྒྱུད་ནས་བཅར་འདྲི་དང་། བོད་རིག་པ་དང་འབྲེལ་ཡོད་ཀྱི་དྲ་ཚིགས་སྣ་ཚོགས། ད་དུང་གློག་རྡུལ་དཔེ་མཛོད་གང་མང་ནས་འཚོལ་སྡུད་བྱས་པ་ཡིན།


གསུམ་པ། ཞིབ་འཇུག་གི་དོན་སྙིང་དང་མ་འོངས་པའི་ཞིབ་འཇུག་གི་ཁ་ཕྱོགས།

  དབུ་མ་རྒྱན་ལ་ཞིབ་འཇུག་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་མདོ་ཕྱོགས་ཀྱི་དབུ་མར་རྒྱུས་ལོན་བྱེད་ཐུབ་པ་དང་། ལྷག་པར་དབུ་མ་ཐལ་རང་གཉིས་ལས་རང་རྒྱུད་པ་གཉིས་ཀྱི་ནང་གསེས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་དང་། དབུ་ཚད་ཟུང་འབྲེལ་གྱི་རིག་པ། དབུ་སེམས་གཉིས་ཀྱི་མི་འདྲ་བའི་ཁྱད་པར་གྱི་གནད་བཅས་ལ་གཏིང་ཟབ་པའི་ཤེས་རྟོགས་བྱེད་ཐུབ་ན། གཅིག་ནས་འཛམ་གླིང་ཧྲིལ་བོའི་མིའི་རིགས་ཀྱི་སེམས་ཁམས་བདེ་ཐང་གི་གསོས་སུ་འགྱུར་བ་དང་། གཉིས་ནས་དབུ་མ་པའི་གྲུབ་མཐའ་མ་ཉམ་གོང་འཕེལ་དུ་གཏོང་བའམ་བོད་རྒྱུད་ནང་བསྟན་ཞེས་པའི་བོད་རིག་པ་དར་རྒྱས་སུ་གཏོང་བར་ཡང་དགེ་མཚན་ནམ་དོན་སྙིང་གལ་ཆེན་ལྡན་ཡོད།


  ད་ལྟའི་དུས་སུ་དབུ་མ་རྒྱན་ལ་རྒྱལ་སྤྱི་རྒྱལ་ནང་བོད་སོགས་ཀྱིས་ཞིབ་འཇུག་བྱས་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ། ཕྱོགས་ཡོངས་ནས་རྒྱུ་ཆ་འཛོམས་ཡོད་པ། ཞིབ་འཇུག་གི་ཐབས་ལམ་སྣ་མང་སྤྱད་ཡོད་པ་ཞིག་གཏན་ནས་མ་ཡིན་པར། ད་དུང་ཕྱོགས་ཙམ་མ་གཏོགས་ཞིབ་འཇུག་བྱས་མེད་པ་རེད། དེ་བས། མ་འོངས་པར་ཞིབ་འཇུག་བྱེད་ན་གཙོ་བོ་དབུ་མ་རྒྱན་རྩ་འགྲེལ་གྱི་གཞུང་དངོས་དང་དེའི་དཀའ་འགྲེལ། འགྲེལ་བ་དང་ཟིན་བྲིས། ས་བཅད་དང་བསྡུས་དོན་སོགས་གུང་སྒྲིག་སྟེ་འབྲེལ་ཡོད་ཀྱི་དཔྱད་གཞི་བཅས་ལ་བརྟེན་ནས་གཞུང་དོན་མ་ནོར་བ་ཡོང་རྒྱུ་རྨང་གཞི་བྱས་པའི་ཐོག་དབུ་མ་རྒྱན་གྱི་ལྟ་བ་དང་། དེ་མིན་གྱི་དབུ་མའི་ལྟ་བ་གཞན་དག་བར་གྱི་འབྲེལ་བ་གོ་བསྡུར་བྱས་ནས་བོད་ཀྱི་མཚན་ཉིད་རིག་པའི་འཕེལ་རིམ་ལ་ཞིབ་འཇུག་ཁ་གསལ་བྱེད་རྒྱུ་དང་། དེ་ལ་སྔར་སྲོལ་རྒྱུན་གྱི་ཞིབ་འཇུག་གི་བྱེད་ཐབས་དང་། ད་ལྟའི་ཞིབ་འཇུག་གི་བྱེད་ཐབས་གསར་བ་སྡུད་ལེན། ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་སྤྱད་ནས་ཞིབ་འཇུག་འཐུས་ཚང་ཞིག་བྱས་ནས། དེང་རབས་ཀྱི་རིག་ཚན་ལྟར་མ་ལག་ཆ་ཚང་བའི་ཞིབ་འཇུག་ཅིག་བྱེད་རྒྱུ་ནི་གལ་འགངས་ཆེའོ།།


  མདོར་ན་རྒྱལ་སྤྱི་རྒྱལ་ནང་བོད་སོགས་ཀྱི་དབུ་མ་རྒྱན་ལ་ཞིབ་འཇུག་བྱས་པའི་གནས་བབ་ལ་རྒྱུས་ལོན་རགས་ཙམ་བྱས་པ་ལས། ད་དུང་དབུ་མ་རྒྱན་ལ་ཞིབ་འཇུག་ཆ་ཚང་ཞིག་བྱེད་ཐུབ་མེད་པས། མུ་མཐུད་ནས་གཞུང་དོན་མ་ནོར་བ་དང་། དེའི་ཞིབ་འཇུག་དོན་སྙིང་གསལ་བོར་རྟོགས་དགོས་པའི་སྒོ་ནས་ཞིབ་འཇུག་ཡང་དག་པ་ཞིག་བྱེད་པ་ནི་གནད་ཆེན་པོ་ཞིག་རེད།

 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩེར་སྙེག་རྩོམ་སྒྲིག་ཁང་། སྤེལ་དུས། ༢༠༡༤།༠༦།༢༠།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།