དོལ་པོ་རྩེད་འགྲན་ཚོགས་པ་[1]ནི་སྤྱི་ལོ་ ༢༠༡༩ ལོར་བལ་ཡུལ་གཞུང་ལ་དེབ་སྐྱེལ་གྱིས་དབུ་ཚུགས་པ་ཡིན་འདུག འཛམ་བུ་གླིང་འདིར་རྒྱལ་ཁམས་ཁྱོན་ཡོངས་སུ་དང་པོ་སོ་སོའི་ས་གནས་ནས་བཟུང་། རིམ་བཞིན་རྫོང་དང་མངའ་སྡེ་རྒྱལ་ཁབ་ཕན་ཚུན་གྱི་རྩེད་འགྲན་ཚོ་ཁག་དུ་མ་ཡོད་པ་རེད། འོན་ཀྱང་དོལ་པོ་ལ་མཚོན་ན་ས་ཐག་འགྱངས་པ་ལ་སོགས་པའི་སྟབས་ཀྱིས་དེ་ལྟ་བུའི་དམིགས་བསལ་རྩེད་འགྲན་ཞིག་མེད་པ་སོང་ཙང་ཏོག་ཙམ་རྗེས་ལུས་ཀྱི་རྣམ་པ་ལྟ་བུ་ཆགས་ཡོད། སྤྱིར་བཏང་འདས་པའི་ལོ་གསུམ་བཞིའི་རིང་དོལ་པོ་སློབ་ཕྲུག་ཚོགས་པས་བལ་ཡུལ་ནང་ཡོད་དོལ་པོའི་སློབ་ཕྲུག་དང་། དེ་མིན་དོལ་པོའི་ཕོ་གཞོན་མོ་གཞོན་ཚང་མ་ལ་རྩེད་འགྲན་གྱི་གོ་སྒྲིག་གནང་ཡོད། ཡིན་ནའང་དེའི་རྗེས་སུ་དཔལ་འབྱོར་གྱི་མཐུན་རྐྱེན་མ་ལྡང་བ་ལ་སོགས་པའི་གནས་སྟངས་འོག་ནས། དོལ་པོ་སློབ་ཕྲུག་ཚོགས་པས་རྩེད་འགྲན་དེ་མུ་མཐུད་གོ་སྒྲིག་གནང་ཐུབ་མེད།
དེའི་རྗེས་སྤྱི་ལོ་ ༢༠༡༩ ལོར་དོལ་པོ་སྟོད་ཕྱོགས་ཀྱི་ས་གནས་གསུམ་པོ་མཉམ་སྦྲེལ་གྱིས་«དོལ་པོ་རྩེད་འགྲན་ཚོགས་པ་»འདི་ཉིད་བཙུགས་པ་དང་། ཚོགས་པ་འདི་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ནི་དོལ་པོ་རྣམས་མི་རིགས་གཞན་དང་གོམས་པ་མཉམ་སྤོ་དང་རྗེས་ལུས་མི་ཐེབས་ཆེད་འབད་བརྩོན་ཞུ་རྒྱུ་རེད་འདུག དེ་བཞིན་དམིགས་ཡུལ་གཞན་ཡང་དོལ་པོའི་གཞོན་སྐྱེས་རྣམ་པ་སྤྱི་ལ་རྩེད་མོའི་གོ་སྐབས་དང་གཟུགས་གཞིའི་འཕྲོད་རྟེན། དོལ་རིགས་ནང་ཕན་ཚུན་ངོ་ཤེས་ཐབས་ལམ་བརྒྱུད་དོལ་པོའི་མི་རིགས་ནང་རྩེད་མོའི་གདིང་ཆ་ཡག་པོ་ཞིག་བསྐྲུན་ཐུབ་རྒྱུའི་ཆེད་ཡིན་འདུག་ལ། ཁྱད་པར་དུ་མ་འོངས་པ་ལའང་དོལ་པོའི་ས་གནས་ས་ཐོག་གི་རྩེད་འགྲན་པ་ཕོ་གཞོན་མོ་གཞོན་རེ་འགའ་ཞིག་བལ་ཡུལ་རྒྱལ་ཡོངས་རྩེད་འགྲན་ནང་ཞུགས་རྒྱུའི་ཆ་ཤས་འདྲ་ལེན་ཐུབ་འོང་བསམ་པའི་རེ་བ་འདྲ་བཅངས་ནས་ཚོགས་པ་འདི་དབུ་བཙུགས་པ་རེད་འདུག
ཚོགས་པ་འདི་ཉིད་ཀྱི་འཐུས་མི་ལ་དོལ་པོ་ས་གནས་གསུམ་ཀའི་འཐུས་མི་རྣམས་ཡོད་པ་དང་། ད་ལྟ་གནས་སྐབས་རིང་ཚོགས་པ་འདི་ཉིད་ཀྱི་ཚོགས་གཙོ་ནི་ཕུ་སུམ་མདོ་ས་གནས་ནས་ཡིན་པའི་སྐུ་ཞབས་བུ་ཆུང་འགྱུར་རིག་ལགས་ཡིན་ཞིང་། དེ་བཞིན་ཚྭ་དགའ་སྟང་གཤོངས་ས་གནས་ནས་ཚོགས་གཞོན་ཀརྨ་བསྟན་འཛིན། དོལ་པོ་བུདྡྷ་ས་གནས་ནས་དྲུང་ཡིག་བསྟན་འཛིན་ཆོས་རྒྱལ་བཅས། འཛམ་གླིང་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པར་ཚོགས་མི་ཕུན་སུམ་ཚོགས་པ་ཡོད་པ་དང་། རྩེད་འགྲན་པའང་ས་གནས་གསུམ་ཀ་ནས་ཡོད་པ་རེད། ན་ནིང་ ༢༠༡༩ ལོར་ཚོགས་པ་འདིས་ཐེངས་དང་པོར་རྩེད་འགྲན་གོ་སྒྲིག་བྱས་པ་བརྒྱུད་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་དང་། ད་དུང་དེ་ལྟར་མུ་མཐུད་ཡར་རྒྱས་ཡོང་ཆེད་ཚོགས་པ་འདིས་འབད་བརྩོན་གང་ཐུབ་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག ན་ནིང་ལོར་ཚོགས་པ་འདིས་རྐང་རྩེད་པོ་ལོའི་རྩེད་འགྲན་གཅིག་པུ་གོ་སྒྲིག་གནང་ཡོད་ཀྱང་། མ་འོངས་པར་དཔལ་འབྱོར་གྱི་མཐུན་རྐྱེན་གནང་མཁན་རབ་དང་རིམ་པར་བྱུང་ན། དེ་དེ་བཞིན་ལག་རྩེད་པོ་ལོ་དང་བང་རྩལ་འགྲན་སྡུར་སོགས་རྩེད་རིགས་སྣ་ཚོགས་གོ་སྒྲིག་ཞུ་འཆར་ཡོད་པ་རེད་འདུག
ཚོགས་པ་འདིའི་རྩེད་མོའི་མིང་ལ་«དོལ་པོའི་གསེར་གྱི་ཕོར་པ་[2]»ཞེས་འབོད་ཅིང་། གསེར་གྱི་ཕོར་པའི་རྟགས་མ་དེ་ལ་དངུལ་ཏོ་ལ་ ༤༢ དང་ ༤༨ གང་རུང་ཅན་གྱི་དངུལ་གྱི་ཕོར་པ་ལ་གསེར་གྱིས་ཚ་གསེར་རྒྱབ་ནས། དོལ་པོའི་རིག་གཞུང་དང་མཐུན་པའི་དམིགས་བསལ་གྱི་ཕོར་པ་དེ་འདྲ་བཟོས་ཡོད་པ་དང་། དེ་ཡང་འཛམ་གླིང་རྒྱལ་སྤྱིའི་རྐང་རྩེད་པོ་ལོ་རྩེད་འགྲན་དང་མཐུན་པར་ལོ་གཅིག་དང་གཉིས་ལྟ་བུ་མ་ཡིན་པར། ལོ་གསུམ་མུ་མཐུད་རྩེད་འགྲན་རུ་ཁག་སུས་རྒྱལ་ཁ་ཐོབ་པ་ཡིན་ན། དེ་དང་དེས་གསེར་གྱི་ཕོར་པ་དེ་རང་རང་སོ་སོའི་ས་གནས་ས་ཐོག་ཏུ་འཁྱེར་ཆོག་པ་དེ་འདྲའི་འགྲོ་ལུགས་ཡོད་པ་དང་། དེ་མིན་གནས་སྐབས་ལོ་རེ་རྣམས་སུ་རྒྱལ་ཁ་ཐོབ་མཁན་དག་ལ་དེ་དེ་བཞིན་གནས་སྐབས་ཀྱི་ཕོར་པ་དང་། དངུལ་དམར། རྟགས་མ། ལག་འཁྱེར་བཅས་སྤྲད་རྒྱུའི་ལམ་སྲོལ་བཟང་པོ་ཡོད་པ་རེད་འདུག
ཚོགས་པ་འདི་ཉིད་ཀྱི་གོ་སྒྲིག་ནི་གཞོན་སྐྱེས་མང་པོ་ཞིག་གི་ཆེད་དུ་ཡིན་པས་ན། དེའི་ཐད་དཀའ་ངལ་ཆེ་ཤོས་དེ་དཔལ་འབྱོར་གྱི་ཐོག་ལ་ཡོང་གི་ཡོད་པ་རེད་འདུག་པ་དང་། ན་ནིང་ཆ་ལ་བསམ་ན་གཙོ་བོ་ཕ་ཡུལ་གཅིག་པའི་སྐྱབས་གནས་འཕགས་པའི་དགེ་འདུན་སྡེ་རྣམ་པ་དང་། དེ་བཞིན་སེར་སྐྱ་ཕོ་མོའི་སྡེ་རིས་སུ་མ་ཆད་པས་ཞལ་འདེབས་གནང་བའི་བརྒྱུད་ལམ་ནས། ན་ནིང་རྩེད་འགྲན་ཐེངས་དང་པོ་དེ་གོ་སྒྲིག་བྱེད་ཐུབ་པ་བྱུང་བས། རྣམ་པ་ཐམས་ཅད་ལ་དོལ་པོ་རྩེད་འགྲན་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་ཡོད་འདུག མ་འོངས་པའི་ཆར་ས་གནས་ས་ཐོག་རང་ནས་རྒྱབ་སྐྱོར་ཞུ་རྒྱུའི་གོ་སྒྲིག་བྱེད་འཆར་ཡང་ཡོད་པ་དང་། ལྷག་པར་དོལ་པོ་རྩེད་འགྲན་ཚོགས་པས་འདི་ལྟར་དཀའ་ལས་རྒྱབ་དོན་གཙོ་བོ་མ་འོངས་པར་དོལ་པོའི་ཕོ་གཞོན་མོ་གཞོན་འགའ་ཞིག་རྩེད་མོའི་ཐོག་ནས་ཀྱང་འཚོ་བ་སྐྱེལ་ཐུབ་མཁན་དང་། སོ་སོའི་མི་རིགས་ཀྱི་ངོ་ཚབ་བྱས་ནས་འཛམ་གླིང་རྒྱལ་ཡོངས་འགྲན་རྩེད་ནང་ཚུད་ཐུབ་རྒྱུ་ལ་སོགས་པ་རྒྱུ་མཚན་སྣ་ཚོགས་པའི་དབང་གིས་བཙུགས་བཞག་པ་ཡིན་འདུག
ན་ནིང་ ༢༠༡༩ ལོའི་རྩེད་འགྲན་གོ་སྒྲིག་སྐབས་ཀྱི་སྐུ་མགྲོན་ལ་བསམ་ན། བལ་ཡུལ་རྒྱལ་ཡོངས་རྐང་རྩེད་པོ་ལོ་རྩེད་འགྲན་ཚོགས་པ[3]འི་འཐུས་མི་ཚོགས་གཙོ་སྐུ་ཞབས་ཀརྨ་ཚེ་རིང་ཤར་པ་མཆོག་དང་། དོལ་པོ་ར་ནག་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོས། དོལ་པོའི་ས་གནས་གསུམ་པོའི་མི་དཔོན་སྐུ་དྲག་རྣམ་པ། གྲོང་སྡེ་ཁག་གི་འགོ་གཙོ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་གཅིག་སྟོང་ལས་བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག རྩེད་འགྲན་སྐབས་ཀྱི་རྩེད་འགྲན་དཔང་པོ་[4]དེ་ཡང་། བལ་ཡུལ་རྒྱལ་ཡོངས་རྩེད་འགྲན་ཚོགས་པ་ནས་དམིགས་བསལ་ལག་ཁྱེར་ཐོབ་མྱོང་ཡོད་པའི་ཆེད་ལས་རྩེད་འགྲན་དཔང་པོ་ཞིག་གདན་འདྲེན་གྱིས། ཚད་ལྡན་གོ་སྒྲིག་དེ་འདྲ་ཞུས་ནས་ཉིན་གསུམ་རིང་རྩེད་འགྲན་ལས་འགུལ་སྤེལ་ཡོད་འདུག རྩེད་འགྲན་ཚོགས་པ་འདིའི་སྐབས་དོལ་པོ་སྐྱིད་སྡུག་ཚོགས་པས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་ཐོག གཞན་ཡང་དོལ་པོ་སྤྲུལ་སྐུ་དགེ་རྩ་ཚོགས་པ། དོལ་པོ་སློབ་ཕྲུག་ཚོགས་པ། ནོར་མཆོག་མགྲོན་ཁང་། སིནྡྷུ་ཅཱ་བྷཱེལ་ཚོང་ཁང་བཅས་ཀྱིས་དཔལ་འབྱོར་དང་ཅ་དངོས་སོགས་གང་ཅིའི་ཐད་སྦྱིན་བདག་དང་རོགས་རམ་གནང་ཡོད་འདུག མ་འོངས་པའི་ཆར་ཡང་དོལ་པོའི་ཚོགས་སྡེ་ཁག་ནས་ཚོགས་པ་འདིར་འབྲེལ་ལམ་དང་རོགས་སྐྱོར་གནང་འདོད་མཆིས་ཚེ། ཚོགས་པ་འདིའི་ཚོགས་གཙོ་བུ་ཆུང་འགྱུར་རིག་ལགས་ལ་འབྲེལ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུའི་འདུག
དོལ་པོ་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་འགྱུར་རིག་ལགས་ནས་གསུང་དོན། ''རྩེད་འགྲན་འདི་རིགས་ལ་དགོངས་བཞེས་གནང་མཁན་ཐད་བསམ་ན། མང་ཆེ་བ་ལོ་ན་བཞི་བཅུ་མན་ཆད་མ་གཏོགས། དེ་ཡན་ཆད་རྣམས་ཀྱིས་རང་རང་སོ་སོའི་སྐབས་སུ་རྩེད་འགྲན་གྱི་གོ་སྐབས་དེ་མེད་རྐྱེན་གྱིས། རང་ཉིད་རྩེད་རིགས་དེ་དག་ལ་ཁྱོན་ནས་མི་དགའ་བ་དེ་འདྲ་ཡོང་གི་འདུག ཡིན་ནའང་དོལ་པོ་རྩེད་འགྲན་ཚོགས་པའི་རེ་བ་ལ། ལོ་ན་རྒན་པའི་རིགས་ཁོ་རང་ཚོའི་དུས་སྐབས་ལ་རྩེད་མོ་རྩེ་རྒྱུ་མ་བྱུང་ནའང་། དུས་རབས་ཀྱི་འགྲོས་དང་མཐུན་པར་མིའི་སྤྱི་ཚོགས་ལ་འགྱུར་བ་སྣ་ཚོགས་འཐེབས་དང་འཐེབ་བཞིན་ཡོད་པས་ན། ད་ལྟའི་དུས་འདིར་སོ་སོའི་བུ་ཕྲུག་དང་ཚ་བོ་སྤུན་མཆེད་རྣམས་ལ་ཀུན་སློང་བཟང་པོའི་སྨོན་འདུན་དང་བཅས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་རྩིའི་ཡོད། ཡིན་ན་ཡང་མང་པོ་ཞིག་གིས་སོ་སོའི་བུ་ཕྲུག་ལ་རྩེད་མོ་རྩེས་ནས་ཅི་བྱེད། བཟའ་རྒྱུ་གོན་རྒྱུ་ནི་རག་གི་མ་རེད། དོན་མེད་དཔེ་ཤག་འཕྲོ་བརླག་རེད་ཅེས་ཟེར་ནས་རྩེད་མོ་རྩེ་མི་འཇུག་མཁན་ཡོང་གི་འདུག བསམ་བློ་དེ་འདྲ་ནི་ཧ་ཅང་ནོར་བ་ཡིན་ཞིང་། འཛམ་བུ་གླིང་འདིའི་ཐོག་མི་མང་པོ་ཞིག་རྩེད་འགྲན་ལམ་ནས་གནས་སྐབས་ལུས་ཀྱི་རྩལ་དང་སེམས་ཀྱི་བདེ་སྐྱིད། མཐར་ཐུག་རང་ཉིད་ཀྱི་འཚོ་བའི་ལག་ཆ་ལྟ་བུ་དེ་འདྲའི་ཆེད་དུའང་རྩེད་མོ་རྩེ་མཁན་ཡོད། དེས་ན་དེ་དག་གི་སྐོར་ང་ཚོས་ཡག་པོ་བྱས་ནས་མཁྱེན་དགོས་འདུག'' ཅེས་བརྗོད་སོང་།
གསར་འགྱུར་མཁོ་སྤྲོད་གནང་མཁན།
དོལ་པོའི་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་འགྱུར་རིག་ལགས།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།