མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་གསུང་།
འུ་ཅག་གི་བླ་མའི་སྐལ་བ་གཅིག་པུར་གྱུར་པ་དེ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་རེད། ངས་ཁྱེད་རྣམ་པར་ལན་གྲངས་དུ་མར་ཞུ་མྱོང་བ་དེ་ཁ་ཞེ་གཉིས་མེད་ཡིན། ངའི་རྒྱུད་ལ་དད་པ་དང་སྙིང་རྗེ་ཉག་གཅིག་སྐྱེས་པ་ཡན་ཆད་དངོས་སམ་བརྒྱུད་ནས་བླ་མ་རིན་པོ་ཆེ་མི་ཕམ་གྱི་ཐུགས་རྗེའི་རྩལ་ལས་ཤར་བ་མ་གཏོགས་རང་སྟོབས་ཀྱིས་ཤར་བ་གང་ཡང་མེད། ངོ་མ་རང་གིས་བསམ་བློ་བཏང་ན་དད་པ་ལན་གཅིག་སྐྱེ་བ་འདི་བླ་མ་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་རེད་བསམ་གྱིན་ཡོད། དེས་ན་ཁྱེད་རྣམས་ཀྱིས་ཀྱང་ཁོང་གི་གསུང་འདི་ཉམས་སུ་ལོངས་དང་། བརྒྱུད་ཐག་ཉེ་ཞིང་བྱིན་རླབས་དང་དངོས་གྲུབ་ཀྱི་ཚན་ཁ་མ་ཡལ་བ། དམ་ཚིག་ལ་གཡའ་ཡིས་མ་གོས་པ་བཅས་ཡིན།
༡༽ ཀུན་མཁྱེན་མི་ཕམ་པའི་གསུང་ལ་གཅེས་པར་གདམས་པ།
ཁྱེད་རྣམ་པ་ཀུན་གྱིས་ཀྱང་ནམ་ཡིན་ཡང་བླ་མ་རིན་པོ་ཆེའི་གསུང་འདི་ལ་ཆུང་ལྟ་མ་བྱེད།
ངས་ཀྱང་ཆུང་ལྟ་མ་བྱས། བླ་མ་རིན་པོ་ཆེ་མི་ཕམ་ཚང་གི་གསུང་འདི་ལ་ཡང་ནས་ཡང་དུ་ལྟོས་དང་ཆོས་འདི་ལ་བྱིན་རླབས་ཀྱང་ཡོད་ལ་ཆོས་འདིའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།
འོན་ཀྱང་འདིའི་དོན་ནི་ཐེངས་གཅིག་ཙམ་གྱིས་རྟོགས་རྒྱུ་ཞིག་གཏན་ནས་མིན།
ང་རང་ལོ་བཅུ་གསུམ་བཅུ་བཞིའི་དུས་སུ་དབུ་མ་རྒྱན་གྱི་སྤྱི་དོན་དང་ཀེ་ཏ་ཀའི་དོན་དེ་ལ་ཅི་ཡང་མི་ཤེས་རྒྱུ་མི་འདུག་བསམ་པ་ཤར་མྱོང་སྟེ།
འོན་ཀྱང་དེ་ལྟ་བུ་ཞིག་ཡིན་མི་འདུག
དེས་ན་ཁྱེད་རྣམ་པས་ཀྱང་ཞིབ་ཆ་བྱས་ཏེ་དཔྱད་པ་དང་ལྟ་རྟོག་བྱས་ནས་རང་ལུགས་གྱི་ཡིག་ཆ་རྩལ་འདོན་གྱིས་དང༌།
སྔ་འགྱུར་རིག་འཛིན་བརྒྱུད་པའི་བྱིན་རླབས་ལ་རྟེན་འབྲེལ་གྱི་ཆེ་བ་ཡོད་པས་བླ་མ་རིན་པོ་ཆེའི་བྱིན་རླབས་འཇུག་ངེས་ཅན་རེད།
ཁྱེད་རྣམ་པས་དུས་རྒྱུན་ཐོས་བསམ་སྒོམ་གསུམ་བྱས་ཏེ་རང་ལུགས་ཀྱི་ཡིག་ཆ་འཁྲུལ་བ་མེད་པ་འདི་གཞན་དང་མ་འདྲེས་པར་བྱེད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ།
༢༽ འཁྲུངས་ཙམ་ནས་རིག་པའི་རྩལ་ཡོངས་སུ་རྫོགས་པའི་ཆེ་བ།
བླ་མ་རིན་པོ་ཆེའི་གསུང་ལ་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མ་ཡིན་པར་བསམ་གྱིས་མི་ཁྱབ་པའི་གོ་རྒྱུ་ཆེན་པོ་ཞིག་ཡོད་པ་རེད། ཡོད་པའི་རྒྱུ་མཚན་ནི་འཁྲུངས་ཙམ་ནས་རིག་པའི་རྩལ་ཐམས་ཅད་ཡོངས་སུ་རྫོགས་ཡོད་པ་ཞིག་ལ། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཙནྡྲ་གོ་མཱི་དང་བོད་གངས་རིའི་ལྗོངས་སུ་བླ་མ་མི་ཕམ་ཁོ་ན་རེད། དཔེར་ན་སློབ་དཔོན་ཙནྡྲ་གོ་མིས་དགུང་ལོ་བདུན་གྱི་དུས་སུ་བསྟན་བཅོས་བརྩམས་ཤིང་ཕྱི་རྒོལ་ཚར་བཅད་པ་དང་། བླ་མ་རིན་པོ་ཆེ་མི་ཕམ་ཚང་གིས་ཀྱང་དགུང་ལོ་བདུན་གྱི་སྟེང་ནས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བརྩམས་པ་རེད། བླ་མ་གཞན་ཐམས་ཅད་ལ་རྣམ་དཔྱོད་ཀྱི་རྩལ་རྫོགས་མ་རྫོགས་ཟེར་རྒྱུ་ཞིག་ཡོད་པ་རེད། དཔེར་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཡང་དཔྱད་པ་རྫོགས་མ་རྫོགས་ཡོད་པ་ནི། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལྟ་བུ་དཔྱད་པ་མ་རྫོགས་པའི་སྐབས་ཀྱི་བསྟན་བཅོས་དང༌། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་དཔྱད་པ་རྫོགས་སྐབས་ཀྱི་བསྟན་བཅོས་ཡིན་པར་རིག་འཛིན་འཇིགས་གླིང་གིས་གསུངས་འདུག རྗེ་བླ་མ་ལ་ཡང་ལེགས་བཤད་གསེར་ཕྲེང་ལྟ་བུ་རྣམ་དཔྱོད་མ་རྫོགས་པའི་སྐབས་ཀྱི་བསྟན་བཅོས་དང་ལམ་རིམ་ཆེན་མོ་དང་འཇུག་ཊཱིཀ་དགོངས་པ་རབ་གསལ་རྣམས་དཔྱད་པ་རྫོགས་པའི་སྐབས་ཀྱི་བསྟན་བཅོས་སུ་གྲགས། འོན་ཀྱང་། བླ་མ་མི་ཕམ་ལ་ལོ་ཆུང་བྱིས་པ་ཡིན་པའི་དུས་སུ་རྣམ་དཔྱོད་ངན་རྒྱུ་དང་བགྲེས་དུས་རྣམ་དཔྱོད་རྫོགས་ཟེར་རྒྱུ་ཞིག་གཏན་ནས་ཡོད་པ་མ་རེད།
༣༽ བརྒྱུད་པའི་བྱིན་རླབས་དང་གླེགས་བམ་རང་དག་ཡོང་བའི་ཆེ་བ།
ཁོང་གི་བརྒྱུད་པའི་ཆོས་འདི་བརྒྱུད་པ་བདུན་མ་སོང་གི་བར་བྱིན་རླབས་མི་ཡལ་ཞིང་།
ཞུ་དག་ཅུང་མ་རེད་པ་དེ་ཁྱེད་ཅག་གིས་སྐྱུར་ཞོག་དང་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའི་གླེགས་བམ་རང་ཤུགས་ཀྱིས་དག་ཡོང་བ་རེད།
དེ་ལྟ་བུ་བླ་མ་ཕལ་མོ་ཆེའི་རྣམ་ཐར་དུ་ཡོད་འདུག་ལ་ཞལ་རྒྱུན་ཞིག་ཀྱང་རེད། ལམ་རིམ་ཆེན་མོ་དང་འཇུག་ཊཱིཀ་དགོངས་པ་བར་གསལ་རྣམས་དཔྱད་པ་རྫོགས་པའི་སྐབས་ཀྱི་བསྟན་བཅོས་སུ་གྲགས།
འོན་ཀྱང་། བླ་མ་མི་ཕམ་ལ་ལོ་ཆུང་བྱིས་པ་ཡིན་པའི་དུས་སུ་རྣམ་དཔྱོད་ངན་རྒྱུ་དང་བགྲེས་དུས་རྣམ་དཔྱོད་རྫོགས་ཟེར་རྒྱུ་ཞིག་གཏན་ནས་ཡོད་པ་མ་རེད།
༤༽ གསུང་རེ་རེ་ལ་ཡང་གོ་བ་རྫོགས་མེད་རེ་ལེན་རྒྱུ་ཡོད་པའི་ཆེ་བ།
བླ་མ་ཚང་གི་གསུང་ལ་ཚར་གཅིག་བལྟས་ན་ཡང་གོ་རྒྱུ་ཡོད་པ།
ཚར་གཉིས་བལྟས་ན་དེ་ལས་ལྷག་པ་ཞིག་གོ་རྒྱུ་ཡོད།
ཚར་ཅི་ཙམ་བལྟས་ན་དེ་ཙམ་གྱིས་ལྷག་པོ་རེ་གོ་རྒྱུ་ཡོད།
འདི་ནི་སངས་རྒྱས་ཀྱི་བཀའ་ལྟ་བུ་ཞིག་རེད། ངས་ཀྱང་སེམས་ངོ་མཛུབ་བཙུགས་ཀྱི་གདམས་ངག་དེ་ཁྲི་གཅིག་དང་།
རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ཞེས་པ་དེ་བྱེ་བ་བཏོན་པའི་དུས་སུ། ད་གཟོད་སེམས་ངོ་མཛུབ་བཙུགས་ཀྱི་ཚིག་དོན་འོལ་སྤྱི་ཙམ་ཞིག་བློ་ངོ་ལ་ཤར་བ་ཡིན།
དེ་ཡང་དང་པོ་ཚར་རེ་གཉིས་འདོན་དུས་ནས་ཀྱང་འདི་ལ་ཅི་ཡང་མི་གོ་རྒྱུ་མི་འདུག་ཕལ་ཆེར་གོ་སོང་སྙམ་མོད།
རིག་འཛིན་བརྒྱུད་པའི་བྱིན་རླབས་དང་བླ་མ་མི་ཕམ་གྱི་གསུང་བསམ་གྱིས་མི་ཁྱབ་པས། འདི་ལས་ལྷག་ཅིག་ངེས་པར་དུ་གོ་རྒྱུ་ཡོད་སྙམ་ནས།
རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།
ཞེས་པ་ཕྲེང་སྐོར་རེའི་རྗེས་སུ་སེམས་ངོ་མཛུབ་བཙུགས་ཀྱི་གདམས་པ་ཚར་རེ་བཏོན་ནས་སྔ་མ་བྱེ་བ་གཅིག་དང་ཕྱི་མ་ཁྲི་གཅིག་ལ་ཉེ་དུས།
བླ་མ་རིན་པོ་ཆེས་གསུང་རྒྱུ་དེ་དངོས་གནས་འདི་ཡིན་འདུག་བསམ་རྒྱུའི་ངེས་པ་ཞིག་སྐྱེས་སྣང་ཤར་སོང་།
དེའི་སྐབས་སུ། བདག་གཅོང་རོང་འཁོར་བའི་གཡང་ལ་འཕྱན་སྐབས། །རྗེ་བླ་མས་ཐབས་མཁས་ཕྱག་ཡངས་དེ་བརྐྱངས་ནས། །དཔལ་བརྒྱུད་གསུམ་བླ་མའི་ཚོགས་གྲལ་དུ་བཀོད་པའི། །དྲིན་འཁོར་མེད་ཡིད་ཀྱི་ཐིག་ལེ་རུ་གསལ་འདུག །ཅེས་པའི་མ་བཅོས་པའི་ཚིག་འདི་ཤོར་སོང་།
ཀུན་མཁྱེན་མི་ཕམ་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་བདག་ཀྱང་བརྒྱུད་གསུམ་རིག་འཛིན་བླ་མའི་གྲལ་མཐར་ཚུད་སོང་།
དེ་བཞིན་གཅོང་རོང་འཁོར་བའི་གཡང་སར་ཡུན་རིང་པོར་འཁྱམ་མི་དགོས་ངེས་ཅན་ཡིན་འདུག་བསམ་པ་ཞིག་གཟོད་སྐྱེས་སོང་།
༥༽ ལྷག་པའི་ལྷའི་བྱིན་རླབས་ཁོ་ན་ལ་བརྟེན་ནས་བསྟན་བཅོས་བརྩམས་པའི་ཆེ་བ།
དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་གང་འཚམས་ཤིག་ཐོབ་མྱོང་བ་དེ་མ་གཏོགས་དཔེ་ཆ་ཐོབ་མ་མྱོང་བ་དང་།
དཔེ་ཆ་རྩོམ་པའི་སྐབས་སུ་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་དེའི་བྱིན་རླབས་ཁོ་ན་ལ་བརྟེན་པ་ལས། དཔེ་ཀློག་མང་པོ་བྱེད་རྒྱུ་ལྟ་བུ་དང་གཞན་གྱི་ཟེར་སྒྲོས་སྡུད་རྒྱུ་ལྟ་བུ་མེད་པར་ཁོང་གིས་གསུངས་ཡོད་པ་རེད།
ཁོང་ནི་བསམ་བཞིན་དུ་འཇམ་དཔལ་དབྱངས་དགེ་བའི་བཤེས་གཉེན་གྱི་རྣམ་པ་ཉིད་དུ་སྤྲུལ་པ་ཡིན་ཡང་།
སྤྱིར་སྙིགས་མའི་སེམས་ཅན་བསོད་ནམས་དམན་པ་དང་ཁྱད་པར་དུ་རྙིང་མ་པ་བསོད་ནམས་དམན་པས་བསམ་པ་ཙམ་ཞིག་འགྲོ་དོན་འགྲུབ་མ་སོང་།
ད་ནི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལ་འགྲོ་རྒྱུ་ཡིན་གསུངས་འདུག
དེས་ན་བླ་མ་རིན་པོ་ཆེ་མི་ཕམ་ཚང་ནི་ངེས་པ་དོན་གྱི་མགོན་པོ་འཇམ་དཔལ་དབྱངས་བསམ་བཞིན་དུ་དགེ་བའི་བཤེས་གཉེན་དུ་སྤྲུལ་པ་ཡིན་ལ།
དེའི་ནང་ནས་ཀྱང་ཆུང་དུས་ནས་སྤངས་རྟོགས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཡོད་པ་ཞིག་རེད།
༦༽ གསུང་ལ་ནང་འགལ་མེད་ཅིང་མགོ་མཇུག་རྒྱས་བསྡུས་མཚུངས་པའི་ཆེ་བ།
ཁོང་གི་གསུང་ཐམས་ཅད་ལ་ནང་འགལ་གཅིག་ཀྱང་ཡོད་པ་མ་རེད།
ཡོད་འདུག་བསམ་ན་མ་གོ་བ་རེད། ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་ནི་དད་པར་གྱུར། །ཅེས་གསུངས་པ་ལྟར་མཁས་པ་གཞན་རྣམས་ཀྱིས་གསུང་དང་བསྡུར་ཚེ་ཁྱད་ཆོས་ལྷག་པར་མངོན་འོང་བ་ཞིག་སྣང་།
བླ་མ་མི་ཕམ་གྱི་གསུང་གི་མགོ་རྒྱས་བསྡུས་ཇི་ལྟ་བུ་ཞིག་ཡིན་ན་མཇུག་ཀྱང་དེ་ལྟ་བུ་ཡིན་པ་ལས་མགོ་རྒྱས་ཆེ་ལ་མཇུག་ཉུང་ཆེ་བ་ལྟ་བུ་ཡོད་པ་མ་རེད།
དེས་ནི་མི་ཁེངས་མི་ཞུམ་དམ་པའི་རང་གཤིས་ཟེར་བ་ཆེས་གསལ་ཡོང་བ་རེད།
ས་དགེ་བཀའ་རྙིང་གི་ཆོས་གང་ཉམས་སུ་བླངས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་ལམ་འཁྲུལ་མེད་ཡིན་པ་ངས་ཀྱང་གོ་འདུག་སྟེ།
སྔ་འགྱུར་རྫོགས་པ་ཆེན་པོའི་ཆོས་དེ་འཆད་པ་ལ་བླ་མ་མི་ཕམ་ཁོང་ནི་གཞན་གང་དང་མི་འདྲ་བ་ཞིག་རེད།
དཔེར་ན་རྙིང་མ་པའི་ཁྱད་ཆོས་ཤིག་བཤད་དགོས་ན་བསྟན་རྒྱས་སྨོན་ལམ་དང་།
རྫོགས་པ་ཆེན་པོ་མན་ངག་གིས་བཤད་དགོས་ན་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་ལྟ་བུའི་ཁྱད་པར་ཅན་ཞིག
གངས་རིའི་ཁྲོད་མ་ཟད་འཕགས་པའི་ཡུལ་ལ་ཡང་བྱུང་ཨེ་མྱོང་ངམ་བསམ་རྒྱུའི་རྣམ་རྟོག་ཅིག་རང་ལ་ཤར་འདུག་ཀྱང་།
ཁྱེད་རྣམ་པའི་ཐུགས་ལ་འཕྲོད་མིན་ཇི་ལྟར་ཡིན་ཧ་གོ་བ་མ་རེད།
༸མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་གང་ཉིད་ཀྱི་ཞལ་གསུང་ཐོར་བུ་ཕྱོགས་གཅིག་ཏུ་བཀོད་པ་«དྲན་ངོགས་ཀྱི་གསེར་བྱ་»ལས་བཤུས་ཏེ་སྤེལ་བའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།