རྩོམ་པ་པོ། སྤྲུལ་སྐུ་བསྟན་པ་རྒྱལ་མཚན།
སེར་པོ་གསེར་འོད་འཕྲོ་བའི་ཉི་མ་ཞིག།
ཟླ་ཀླུང་གསེར་ལྡན་བབས་པའི་འགྲམ་དེ་ན།།
བྱ་རྒྱལ་ནམ་འཕང་གཅོད་འདྲའི་བཤེས་གཉེན་ཏེ།།
འཇམ་དབྱངས་མི་ཡི་རྣམ་རོལ་མི་ཕམ་པ།།
ཉི་ཤུའི་དུས་རབས་སྟོད་ཀྱི་ཁུག་པ་དེར།།
སྟོབས་རྩལ་ཁོ་ལག་རྫོགས་པའི་སེང་ཕྲུག་བཞིན།།
སྐུ་ན་ཆུང་ཆུང་ཡིན་པའི་དུས་དེ་ནས།།
མཁས་པའི་སྙན་པ་ལྡིར་བའི་པཎྜི་ཏ།།
རབ་འབྱམས་གཞུང་ལ་སྤྱན་ཉུལ་མཛད་དུས་ནས།།
ཕལ་པའི་ལྟ་ལྟངས་དེ་ཡིས་མ་ཚིམས་པར།།
འཇུ་ཉུང་རི་ཁྲོད་སྨྲ་སེང་བསྒྲུབས་པ་ཡིས།།
མདོ་སྔགས་རིག་པའི་གནས་ལ་ཆག་ཐོགས་བྲལ།།
མཁས་པའི་མཐོ་རློམ་སྦོམ་པའི་རིག་སྨྲ་བ།།
གངས་ལྗོངས་འདི་ན་ང་ལས་མེད་ཅེས་རྣམས།།
རྣམ་དཔྱོད་རིག་པས་ཚར་གཅོད་རྗེས་བཟུང་བའི།།
རྩོད་བྲལ་ཀུན་མཁྱེན་བླ་མའི་དཔང་རྟགས་ངོམ།།
ཚེ་རབས་ལས་འབྲེལ་མེ་ཏོག་ཕོག་པ་ཡི།།
རིགས་ཀྱི་བདག་པོ་མཁྱེན་བརྩེའི་དབང་པོའི་ཞབས།།
ཞབས་པད་བསྙེན་ཞིང་དབང་ལུང་རྒྱུན་བཞེས་ཀྱིས།།
རྡོ་རྗེ་ཐེག་པའི་གྲུབ་ཐོབ་ཨ་ཛི་ཏ།།
མི་འཇིགས་གདེང་ལྡན་སྤོབ་པ་དགེ་བའི་འོག།
སྒང་དྲུག་ས་ཡི་ཐིག་ལེར་གཞི་བཅས་ནས།།
དགག་ལན་ཐོག་མདའ་དབུས་ཀྱི་ཡུལ་དུ་འཕངས།།
ཕྱོགས་ལས་རྣམ་པར་རྒྱལ་བའི་མི་ཕམ་པ།།
ཡོ་ག་སྡེ་གསུམ་བསྟན་པ་རིན་པོ་ཆེ།།
མི་ཉམས་འདེགས་ལ་སྟོབས་ཀྱི་གླང་པོ་ཆེ།།
རང་སྣང་རིས་མེད་དགོངས་ཀློང་ཡངས་པ་ན།།
འཇམ་དཔལ་རྫོགས་པ་ཆེན་པོ་མི་ཕམ་པ།།
གཟུ་ལུམ་ལོག་པར་སྨྲ་བའི་མདུན་ཐད་ན།།
སྨྲ་ངན་ཐང་ལ་འབྱིན་མཁན་དཔའ་བོ་ཆེ།།
རྣམ་བྱང་སྙིང་ལ་མོས་པའི་སྐལ་ལྡན་ལ།།
ཆོས་འཆད་ཕྱག་རྒྱས་བསུ་བའི་མི་ཕམ་པ།།
ཐོད་རྒལ་སྣང་བའི་གཟིགས་སྣང་འཆར་བའི་མོད།།
ཁོ་བོ་མི་སྡོད་ཤམ་བྷ་ལར་འགྲོ་ཞེས།།
སྐྱེ་བ་མེད་ཅེས་ཞལ་ཆེམས་བཞག་ཤུལ་ནས།།
གཟུགས་སྐུ་ཆུ་ལྷར་ཐིམ་འདི་ཀྱེ་མ་ཧུད།།
ཁྱེད་རང་ཞིང་ཁམས་གཞན་དུ་བཞུད་པ་ན།།
ཕ་བུ་གྱེས་བྲལ་སོང་བའི་སྔ་འགྱུར་བས།།
དུས་འདིར་མི་ཤིག་དད་པའི་སྙིང་དབུས་ནས།།
གསོལ་བ་འདེབས་སོ་ཐུགས་རྗེའི་ཕྱག་རྐྱོངས་ཤིག།
སུམ་ཅུ་རྩ་གཉིས་ཤུལ་བཞག་ཕ་ཆོས་རྣམས།།
ཕ་ནོར་བུ་ལ་གདམས་པ་ཤེས་པའི་འོག།
སློབ་བརྒྱུད་བཅས་པས་རྩོད་འཆད་རྩོམ་པ་ཡིས།།
འཛིན་སྐྱོང་སྤེལ་བས་ཐུགས་དགོངས་རྫོགས་པར་ཤོག།
༢༠/༠༦/༢༠༢༠ བསྟན་པ་རྒྱལ་མཚན་དེས།
ཡོངས་ཁུངས། ངེད་དྲྭ་བ།
འདི་གའི་ཟིན་བྲིས་དྲྭ་བར་འབྱོར་བའི་རྩོམ་ཡིག་ཐོག་མ།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།