རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 22 June 2020

མཁྱེན་པའི་ཉི་མ་གཞོན་ནུ།

རྩོམ་པ་པོ། གངས་སེང་དཀར་མོ། (སློབ་དཔོན་ཚུལ་ཁྲིམས་ནོར་བུ།)

མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཆེན་པོ་བདེ་ཆེན་རྡོ་རྗེའི་རོལ་མོ་ཡིས།།
སྟངས་སྟབས་དང་ནི་ཕྱག་རྒྱའི་ཁྲོད་ནས་སྣང་སྲིད་མ་ལུས་གཡོ་ཞིང་འགུལ།།
བོད་ས་སྟོད་སྨད་བར་གསུམ་ཀུན་ན་སྙན་སྙན་དབུ་ལ་གསོལ་བའི་ཚིག།
ཤིས་པ་སྟོང་གིས་མཚོན་པ་མེད་པའི་བཀྲ་ཤིས་བརྒྱད་པའི་ངག་ཀྱང་ཡངས།།


བརྡ་སྤྲོད་སྨྲ་བའི་མཁས་པའི་མཁས་པ་སེང་ཆེན་གཡུ་རལ་གསིག་འདྲ་ཡིས།།
ཤན་འབྱེད་ནང་གི་ཤན་འབྱེད་དེས་ཀྱང་ལོག་པར་སྨྲ་ཀུན་ཞིབ་མོར་བཏགས།།
ས་མཐའ་གཅོད་པའི་ཡི་གེའི་གནད་ལ་གཡུ་འབྲུག་ཚང་ནས་ལང་འདྲ་ཡིས།།
ས་མཐའི་རྣམ་དབྱེ་ཆུང་ཆུང་འདི་ཡང་གངས་ལྗོངས་རི་བོའི་གཙུག་ལ་བཀོད།།


ཐོལ་གླུ་འབུམ་གྱིས་མཚོན་པ་མེད་པའི་སྙན་དབྱངས་ཤིག་ཤིག་འགུལ་བ་ཡིས།།
སྲིད་པའི་ཁྱོན་ཡང་སྣོད་དུ་ཆུང་བས་བསྟན་པ་རྒྱས་པའི་མགུལ་ལ་སྒྲོན།།
མགྲིན་པ་འོ་མའི་མཚོ་ལ་དྲངས་པའི་དབྱངས་ཀྱི་རྒྱལ་མོའི་ངག་གི་དཔལ།།
དབྱངས་ཅན་དགྱེས་པའི་རོལ་མཚོ་ཆེན་པོ་མཁས་པའི་ངག་ལ་མེར་གྱིས་བསྐྱིལ།།


ཟ་མ་ཏོག་དང་རབ་གསལ་ཉི་མས་སྤོས་དྲིའི་ཁ་ནས་ལྷ་ཚོགས་བསུས།།
བཟོ་བོ་མཁས་པའི་མན་ངག་ཇི་བཞིན་ཤེལ་གྱི་ཕྲེང་བ་འོད་ལ་བསྟར།།
འདོད་འབྱུང་ནོར་བུའི་མེ་ལོང་དང་ནི་ཕན་བདེའི་བང་མཛོད་བདུད་རྩིའི་མཚོ།།
འགྲོ་ཀུན་བདེ་བའི་གསོས་སུ་བསྒྲོན་ཅིང་དུས་མཐའ་འདིར་ཡང་འོད་དུ་འཁྱིལ།།


འཕགས་པའི་ལྗོངས་ལ་བརྟོལ་བ་མེད་ཀྱང་མཁྱེན་པའི་ཉི་མ་གཞོན་ནུ་ཡིས།།
ཁོང་དུ་ཆུད་པའི་སཾ་སྐྲྀ་ཏ་ཡང་རབ་གསལ་ནོར་བུའི་མདངས་ལ་བསྟབས།།
འཆི་མེད་བཅུད་ལེན་ཕན་བདེ་མྱུར་སྟེར་ངོ་མཚར་ཉི་མ་ནོར་བུའི་ཕྲེང་།།
དཀར་ནག་རྩིས་ཀྱི་རིགས་པ་དག་ཀྱང་འབེལ་འབེལ་ལྷུག་ལྷུག་ཅི་དགར་བཤད།།


ཐ་ན་འདོད་པའི་དཔལ་ཡང་འཕེལ་ལ་ཅི་མི་སྙམ་པར་མི་འཇོག་པས།།
འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར་གྱིས་འཁོར་བ་འདི་ག་སྐྱིད་ལ་བྱིན།།
ཆོས་ཀྱིས་བཏུལ་བའི་བྱང་སེམས་ཙམ་མིན་འགྲོ་བ་མི་ཡི་ལུགས་ཀྱང་མཁྱེན།།
ས་གཞི་སྐྱོང་བའི་རྒྱན་གྱིས་བརྒྱན་ནས་ལྷ་དང་དཔལ་གྱི་འདུ་བ་བསྟར།།


ཆོས་ཀྱི་གྲགས་པའི་རྣམ་དཔྱོད་དཔོག་པའི་མི་འཇིགས་སྤོབས་པའི་གད་རྒྱངས་ཀྱིས།།
ཤེས་རབ་རལ་གྲིའི་གཟི་འོད་དང་བཅས་ལེགས་བཤད་སྣང་བའི་གཏེར་ཆེན་སྒྲུབ།།
ཞི་བ་འཚོ་ཡི་དགོངས་པའི་རྒྱུན་ཐག་རིགས་པའི་ལམ་ནས་མ་གློད་པའི།།
དབུ་མ་རྒྱན་གྱི་རྣམ་བཤད་འདི་ཀོ་བླ་མ་དགྱེས་པའི་སྟོན་མོར་འགྱེད།།


བྱམས་པའི་གཞུང་དང་ཀླུ་སྒྲུབ་ལུགས་གཉིས་ཕན་ཚུན་བུ་རམ་སྦྲང་རྩི་བཞིན།།
གཞུང་ལུགས་རྒྱ་མཚོའི་དགོངས་པ་བསྲང་བའི་གླེགས་བམ་རི་བོའི་གཏོས་ལ་མཉམ།།
རོང་ཀློང་རྣམ་གཉིས་ཉི་ཟླ་ཟུང་གཅིག་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེ།།
མཁྱེན་པའི་དཀྱིལ་འཁོར་རྫོགས་པ་དེས་ཀྱང་སྔ་འགྱུར་བསྟན་པ་འོད་ལ་དྲངས།།


རྒོལ་བ་སྟོང་གི་ཀླད་པ་འགེམ་པའི་ལུང་རིགས་རྡོ་རྗེའི་མེ་ཆར་གྱིས།།
ཉིན་བྱེད་སྣང་བའི་འབྲུག་སྒྲ་དང་ནི་རབ་གསལ་དེ་ཉིད་སྣང་བྱེད་སྤྲོས།།
གྲུབ་མཐའ་གཞན་ལ་སྡང་མིག་མེད་ཀྱང་རང་བཞེད་སོ་སོར་མ་འཕྱུག་པའི།།
ཀེ་ཏ་ཀ་དང་ངེས་ཤེས་སྒྲོན་མེའི་གཟི་འོད་ཕྱོགས་ཀྱི་མགྲོན་ལ་བསྟབས།། 


ཡ་གིའི་རྒྱུད་ཀྱི་གསང་བ་འགྲོལ་ལ་ལྷ་དང་བླ་མའི་བྱིན་རླབས་ཀྱིས།།
དངོས་གྲུབ་སྙིང་པོ་ཐེམ་དང་འདྲ་ལ་འོད་གསལ་སྙིང་པོ་མིག་དང་མཚུངས།།
རྡོ་རྗེ་ཉི་མའི་སྣང་བ་དེ་ཡང་སུས་ཀྱང་བསྒྲིན་པར་མི་གཏུབས་པའི།།
དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདི་ཀོ་ལྷམ་མེར་ལྷེང་ངེར་དེ་ན་གསལ།། 


གླེགས་བམ་ཁུད་ན་གཉིད་ལོང་མེད་པའི་གསུང་གསང་འགག་མེད་ཆོས་ཀྱི་སྒྲ།།
དུས་མཐའ་འདི་ན་འགྲོ་དོན་ཆེ་ལ་གནམ་གྱི་ཁྲི་གདུགས་ཉི་མ་བཞིན།།
ཁ་བ་ཅན་པར་ཤུལ་ན་བཞག་པའི་མཚན་བཟང་གྲངས་ལྡན་ནོར་བུའི་མཛོད།།
གསེར་སྲང་སྟོང་གིས་ཁུག་པ་མེད་པའི་སྲིད་པའི་སྨག་ཆེན་འཇོམ་ལ་བསྟོད།།

༢༠༢༠/༦/༢༠ ཉིན།

 

ཡོངས་ཁུངས། རྩོམ་པ་པོ་གང་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།