རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།
དབྱིངས་རྣམ་དག་ཆོས་སྐུའི་ཕོ་བྲང་ནས། །
རང་ཤར་གྱི་བླ་མ་འཇམ་པའི་དབྱངས། །
ལྔ་བདོ་བའི་སེམས་ཅན་གྲོལ་བྱའི་ཕྱིར། །
དུས་མི་འབྲལ་རྟག་ཏུ་བཞུགས་སུ་གསོལ། །
ལས་ཉོན་གྱི་རྒྱུན་མར་གཙེས་གཙེས་ནས། །
སྐད་ཅིག་ཀྱང་བདེ་བའི་སྐབས་མ་མཆིས། །
ད་ཁྱེད་རང་མ་གཏོགས་རེ་ས་མེད། །
ཕ་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་མཛོད། །
རྒན་སྙིང་ནས་བཀུར་ཡང་མི་བརྙེས་གདའ། །
གཞོན་བྱམས་པས་བསྐྱངས་ཀྱང་མི་མགུ་འདུག །
ད་སུ་ལའང་ཡིད་གཏོན་མི་འདུག་པས། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
གཏམ་དྲང་པོ་བཤད་ན་སྤྱོད་ལམ་འགལ། །
ལམ་དྲང་པོར་ཕྱིན་ན་ཅོལ་ཆུང་ལོ། །
ཕྱི་ཚུལ་ཆོས་འདི་ཡིས་ཚེ་གཅིག་ཟད། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
རང་ཕྱོགས་ལ་བསྟོད་ན་ཆགས་པས་བསྟོད། །
གཞན་ཕྱོགས་ལ་དམད་ན་སྡང་བས་དམོད། །
ཆགས་སྡང་གི་གཡང་ལ་ལྷུང་རྣམས་ལ། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
ངག་བཙུབ་མོས་བདེན་པ་བཤད་ན་ཁྲོ། །
ངག་འཇམ་པོས་གཡོ་རྒྱུ་བྱས་ནའང་མགུ །
ངག་འདི་ཡིས་ཐམས་ཅད་དབང་དུ་བསྒྱུར། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
ཆོས་མ་རེད་འཇིག་རྟེན་སྒྲུབ་ཀྱིན་གདའ། །
དེ་ཆོས་མིན་མ་རེད་དམར་སེར་བརྡལ། །
ཆོས་ཆོས་མིན་ཆུ་ལ་ཆུར་བཞག་སོང་། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
གསང་སྔགས་ནི་ཁྲོམ་རའི་ཅ་དངོས་འགྱུར། །
འདུལ་ཁྲིམས་ནི་གསང་བའི་ཡང་གསང་འགྱུར། །
ད་གནམ་ས་གོ་རིམ་ཁྲུགས་ལ་ཉེ། །
ཕ་ཁྱེད་ཀྱི་ཐུགས་རྗེ་མ་ཆུང་མཛོད། །
དབང་ལུང་ནི་ཚོང་པའི་སྒོར་མོར་འགྱུར། །
དམ་ཚིག་ནི་དེ་ཡི་བུ་ལོན་ཉིད། །
མན་ངག་ནི་བསླུ་བྲིད་ཚིག་ཏུ་འགྱུར། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
ལྟོ་རག་ན་གོས་ཀྱི་ཕོངས་སོ་ལོ། །
གོས་རག་ན་གཏམ་གྱིས་དབན་སོང་ལོ། །
གཏམ་རག་ན་དགྲ་འདུལ་གཉེན་སྐྱོང་ཉིད། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
ཕན་ཚུན་གྱི་ལྟ་བ་བསལ་བཞག་སྐབས། །
སྤྱོད་པ་ཡི་བསླབ་བྱ་མ་ཤེས་ནས། །
ཆགས་སྡང་གི་དགག་སྒྲུབ་ཉིད་དུ་བསྐྲུན། །
ཕ་ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་མཛོད། །
ང་འཁོར་བའི་འདམ་དུ་ཟགས་ན་ཡང་། །
མགོན་གྲུབ་དབང་བླ་མའི་བཀའ་དྲིན་གྱིས། །
ཕ་ཁྱེད་ཀྱི་ལེགས་བཤད་མཇལ་བ་འདི། །
བུ་ང་རང་བསོད་ནམས་མི་དམན་སྙམ། །
ཕ་ཁྱེད་ཀྱི་གཞུང་བཟང་མཇལ་བ་ནས། །
བུ་ང་ལ་དགའ་བདེ་དཔག་མེད་བྱིན། །
དེ་ཁྱེད་ཀྱི་ཐུགས་བརྩེ་ཡིན་ནོ་ཞེས། །
དུས་རྒྱུན་དུ་ཡིད་ལ་གཅགས་ནས་ཡོད། །
ཆོས་སྐུ་ལ་གཤེགས་བཞུགས་བྲལ་ན་ཡང་། །
གཟུགས་སྐུ་ཡི་བཀོད་པ་དབྱིངས་སུ་ཟུམ། །
དེ་ཐུན་མོང་གདུལ་བྱའི་སྣང་བ་ལས། །
དད་མོས་གུས་ཅན་ལ་མི་འབྲལ་གསུངས། །
ཕ་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །
དེང་མོས་པའི་བུ་ལ་བྱི་རླབས་སྩོལ། །
སྤྱི་གཙུག་ཏུ་གཏན་པར་བཞུགས་སུ་གསོལ། །
སྙིང་དབུས་ཀྱི་པདྨོར་དགྱེས་རོལ་མཛོད། །
དེ་ཡང་མགོན་པོ་གང་ལ་ཆེས་ལྷག་པར་དུ་དད་པའི་སྐྱེས་བུ་པདྨ་ཚེ་མཆོག་རྡོ་རྗེ་རུ་འབོད་པ་དེས་རྗེ་ཉིད་ཀྱི་འདས་མཆོད་ཀྱི་ཉིན་བླ་མའི་བཀའ་དྲིན་དྲན་ཆེད་དང་རྒྱུད་ལ་བྱིན་རླབས་འཇུག་ཕྱིར་སྦྱར་བ་དགེ་ལེགས་འཕེལ།
ཡོངས་ཁུངས། རྩོམ་པ་པོ་གང་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།