རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 5 June 2020

སྐྱེས་མཆོག་ཚེ་རིང་བཀྲིས་ཀྱི་ཞབས་བརྟན་ཉི་མའི་གཉེན་མ་བཞུགས་སོ།།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།

 ཉི་མའི་གཉེན་གྱུར་འདྲེན་མཆོག་ལྷ་ཡི་ལྷ། །

ཐུགས་རྗེའི་དབང་ཕྱུག་གཟིགས་པ་ཆེན་པོ་རྗེ།

གང་ཞིག་འགྲོ་བ་འདྲེན་ལ་མངའ་མཛད་པ། །

བླ་མེད་བསྟན་བདག་ཐུབ་པའི་དབང་པོར་འདུད། །


སྤངས་རྟོགས་མཐར་ཕྱིན་སྐྱོབ་པ་སངས་རྒྱས་དང་། །

འཁོར་བའི་སྨན་གཅིག་ལུང་རྟོགས་དམ་པའི་ཆོས། །

ས་བཅུའི་དབང་ཕྱུག་འཕགས་ཚོགས་དགེ་འདུན་ལ། །

བདག་སོགས་སྙིང་གི་དཀྱིལ་ནས་གསོལ་འདེབས་པས། །


དམར་སྒོམ་བླ་མ་ཚེ་རིང་བཀྲིས་ཀྱི། །

སྐུ་ཚེ་བརྟན་ཅིང་གསུང་དང་ཐུགས་ཡོན་གྱིས། །

མཛད་འཕྲིན་ནམ་མཁའ་བཞིན་དུ་རབ་རྒྱས་ཤོག །

ཕོ་ལྷ་དཀར་པོ་ལང་རྒྱན་འཁོར་གཡོག་དང་། །


ཁང་དམར་བཙན་དང་བསྟན་སྲུང་ལྤ་ལའི་འཁོར། །

གཞན་ཡང་དོལ་གྱི་ལྷ་ཀླུ་ཐམས་ཅད་ལ། །

བདག་སོགས་སྙིང་གི་དཀྱིལ་ནས་གསོལ་འདེབས་པས། །

དམར་སྒོམ་བླ་མ་ཚེ་རིང་བཀྲིས་ཀྱི། །


སྐུ་ཚེ་བརྟན་ཅིང་གསུང་དང་ཐུགས་ཡོན་གྱིས། །

མཛད་འཕྲིན་ནམ་མཁའ་བཞིན་དུ་རབ་རྒྱས་ཤོག །

ཐུབ་བསྟན་དྲི་མ་མེད་པའི་བྱིན་རླབས་དང༌། །

མཆོག་བསུམ་བླ་མ་རྣམས་ཀྱི་ཐུགས་སྨོན་དང་། །


རྩ་གསུམ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང། །

གྲངས་མེད་གདུལ་བྱའི་དད་དང་དམ་ཚིག་གིས། །

དམར་སྒོམ་བླ་མ་ཚེ་རིང་བཀྲིས་ཀྱི། །

སྐུ་ཚེ་བརྟན་ཅིང་གསུང་དང་ཐུགས་ཡོན་གྱིས། །


མཛད་འཕྲིན་ནམ་མཁའ་བཞིན་དུ་རབ་རྒྱས་ཤོག །

དེ་ལྟར་དྲི་མེད་ལྷག་བསམ་དག་པ་ཡིས།

སྙིང་ནས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །

བདག་སོགས་ལམ་མ་ཐོབ་པའི་འགྲོ་བ་ཀུན། །


དུག་གསུམ་འཆིང་ལས་སྒྲོལ་བར་བྱིན་གྱིས་རློབས། །

ལས་འབྲས་བཟང་པོའི་མཚམས་སྦྱར་རྟེན་བཟང་རྙེད། །

དགེ་ཚོགས་བདེན་པའི་སྨོན་ལས་ཐུབ་བསྟན་མཇལ། །

སྐྱེ་སྔོན་དམ་ཚིག་གཏན་ཕྱིར་གཤེས་གཉེན་མཇལ། །


ཚེ་འདིར་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས། །

བསམ་ཚད་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །

བློ་གྲོས་ཐོགས་མེད་ཡངས་པའི་མཁའ་ལམ་ན། །

ལྷག་བསམ་རྣམ་པར་དག་པའི་ཆར་སྤྲིན་འཁྲིགས། །


བྱམས་བརྩེ་གཡོ་མེད་ལྷུནགྲུབ་གྲང་ཆར་འབབ། །

འཛམ་བུ་གླིང་པ་རྟག་ཏུ་མཛེས་རྒྱུར་ཅིག། །།


ཕྱི་ལོ། ༢༠༡༧ ཟླ་བ། ༠༨ ཚེས། ༠༥ ཉིན་ཤི་སེ་རུ་ར་ལུག་གི་རྫི་བོའི་སྐབས་པདྨ་ཚེ་མཆོག་རྡོ་རྗེ་རུ་འབོད་པ་དེས་སྦྱར་བའོ།


ཡོངས་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བར་འགྲེམས་སྤེལ་གནང་བའི་པར་ཡིག་ལས་ཕབ་བཤུས་བྱས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།