རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 7 June 2020

བཙན་བྱོལ་དུས་དེབ་ནས། ང་རང་གི་ཆེས་དགའ་སའི་དུས་དེབ་ནི། སྨྱུག་སྡེ་ཡིན།

རྩོམ་པ་པོ། ལྐོག་ལབ།

སྨྱུག་སྡེ་ཁྱེད་ནི། གློ་བུར་དུ་འོང་ཞིང་གློ་བུར་གྱིས་གྱེས་སོང་བས། དབྱར་གཞུང་གི་དུས་ཚིགས་དང་ཅི་འདྲའི་མཚུངས་ཨང་།  ངོ་མ་དབྱར་གཞུང་དང་འདྲ་བར་འདུག་ཡུན་ཐུང་ནའང་། འདུག་པའི་རིང་ལ། དགའ་སྐྱོའི་ཚོར་འདུ་དུ་མ་ཞིག་ཡིད་ཀྱིས་མྱངས་ཡོད་ལ། མཛེས་སྡུག་གི་སྣང་བརྙན་མང་པོ་ཞིག་སེམས་ཀྱིས་བལྟས་ཡོད།


ང་དེ་དུས་ཕལ་ཆེར་དབྱངས་གསལ་ཡི་གེའི་ལམ་ནས་རྩོམ་ཡིག་ལ་གོམ་ཁ་དང་པོ་སྤོ་བཞིན་པའི་སྐབས་ཡིན་པས། ང་རང་གི་ཆེས་དགའ་ས་དང་། རྩོམ་ཡིག་ལད་ཟློས་བྱེད་ས་ནི་སྨྱུག་སྡེ་ཁྱེད་ཉིད་ཡིན། 


རྩོམ་ཡིག་ལ་མོས་པའི་སྙན་ངག་པ་ག་གེ་མོས། གལ་སྲིད་ཁྱེད་རང་རྩོམ་ཡིག་གི་ཚད་གཞི་གོང་མཐོར་གཏོང་འདོད་དང་སྙན་ངག་པ་ཞིག་བྱེད་འདོད་ན། དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ་ལ་སོགས་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་བོད་ཀྱི་དུས་དེབ་ཀློག་དགོས་པ་ལས། རིན་ཐང་དང་བྲོ་བ་མེད་པའི་བཙན་བྱོལ་དུས་དེབ་ཀློག་མི་རུང་བའི་ཁ་གཡང་སྒྲོག་དུས།  ངས་ཁོང་ཚོར་མི་འདོད་པའི་ཁྲེལ་དགོད་བྱེད་ཅིང་། སྤོབས་པ་མཐོན་པོས་མཚན་གཞི་འཇོག་རྒྱུ་ཡོད་པ་དེའང་སྨྱུག་སྡེ་ཁྱེད་ཉིད་ཡིན། བཙན་བྱོལ་དགོན་སྡེ་དང་སློབ་གྲྭ་ག་གེ་མོའི་རྩོམ་ཡིག་དུས་དེབ་མང་པོ་ཞིག་བཀླགས་པ་ལས་སེམས་ཀྱི་གོ་གནས་གལ་ཆེན་ཞིག་ཏུ་དམིགས་ཀྱིས་རིན་ཐང་རྩ་ཆེན་ཞིག་ཏུབཟུང་ཡོད། 


འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། མགོན་པོ་གང་སྐུའི་འཁྲུངས་སྐར་གྱི་ཉིན་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་པས། ན་ནིང་ཉིན་དེར་ངས་དགའ་བ་འབུམ་གྱིས་ཁྱེད་ཉིད་སླར་ཡང་མཐོང་བར་རེ་བས་ངང་སྒུག་བྱེད་དུས། ཡིད་སྐྱོ་བ་ཞིག་དང་ཡ་མཚན་པ་ཞིག་ལ། ཁྱེད་ཀྱི་སྐྱེས་སྐར་ནི་ཁྱེད་ཉིད་ཀྱི་མཐའ་འཇུག་གི་དུས་ཚིགས་ཡིན་པ་གཞི་ནས་ཚོར་བྱུང་། དུས་དེབ་གཅིག་གི་ཚེ་སྲོག་ཇི་ཙམ་གནས་མིན་ནི། རྩོམ་པ་པོ་དང་ཀློག་པ་པོ་ལ་རག་ལས་ཡོད་པར་བརྗོད་ན། སྐབས་འདིའི་རྒྱུ་རྐྱེན་ནི། ཡང་སྙིང་རྩོམ་པ་པོ་དང་ཀློག་པ་པོ་ལ་རག་ཡོད་མེད་སོམ་ཉི་བྱེད་དགོས་ཐུག་སོང་། རྒྱུ་མཚན་རྩད་གཅོད་བྱེད་དུས། ཡིད་རྟོན་འཕེར་བའི་ལན་ཞིག་མ་རག་ལ། གནད་དོན་གང་ཞིག་འཕྲད་པའང་མ་ཚོར། 


གང་ལྟར་ང་། སྨྱུག་སྡེ་དུས་དེབ་དང་། དེའི་རྩམ་པ་པོ་ཚོར་དགའ་ཞེན་ཆེ་ལ། སྨྱུག་སྡེ་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་པས། མྱ་ངན་དང་བཅས་སླར་ཡང་བྱོན་པའི་སྨོན་འདུན་ཞུ། 


རེ་བ་གཙོ་བོ་ནི། སྨྱུག་སྡེ་འདི་ལྟར་ཁུ་སིམ་པོར་མིན་པར་སླར་ཡང་གསོས་ཏེ་འཛམ་གླིང་གོ་ལའི་སྟེགས་བུའི་སྟེང་མི་མང་གི་མགྲིན་ཚབ་ཏུ་བྱོན་པར་རེ་བ་བྱེད་བཞིན་ཡོད།


ཡོངས་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བ།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།