རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 4 June 2020

མ་འདྲིས་པའི་མཛའ་བཤེས་ཆེན་པོ་དྲན་པ།

རྩོམ་པ་པོ། པདྨ་དགོས་འབྱོར།

ཟླུམ་གཟུགས་གོ་ལར་དམངས་གཙོའི་སྲོལ་འཛིན་ཞི་བདེའི་སྟོན་པ་ཐུབ་དབང་རྗེ།།

ཆོས་རྣམས་ཐམས་ཅད་རྟེན་འབྱུང་དུ་གཟིགས་སྨྲ་བ་ཟླ་མེད་ཐུབ་དབང་རྗེ།།

རང་འདོད་བཙན་བཀའ་གྱང་དུ་དོར་ནས་གཞན་ངོ་བསྟུན་མཁས་ཐུབ་དབང་རྗེ།།

སྤངས་རྟོགས་ཡོན་ཏན་འབུམ་གྱིས་ཕྱུག་པའི་འཇིགས་མེད་སེངྒེ་ཐུབ་དབང་རྗེ།།


ཇི་ལྟ་ཇི་སྙེད་གཟིགས་པ་མངའ་བའི་འགྲན་ཟླ་བྲལ་བའི་མཁས་པ་ཞིག།

ཆ་ཤས་འདུལ་བའི་བསླབ་ཁྲིམས་རེ་ཡང་སྲོག་ལྟར་བསྲུང་པའི་བཙུན་པ་ཞིག།

མཛད་བཟང་ཨུ་དུམ་ཝ་རའི་ཚལ་ན་ལུང་རྟོགས་འབྲས་བུ་གཡུར་སྨིན་པའི།།

དགྲ་གཉེན་བར་མ་གཉོམ་པར་གཟིགས་མཛད་སྐྱེ་འགྲོའི་མ་མ་གང་ཉིད་རྒྱལ།།


དགེ་སྡིག་ལས་འབྲས་མེད་པར་འདོད་པའི་གྱང་འཕེན་ལ་སོགས་མུ་སྟེགས་ཚོགས།།

མུན་ནག་གཡང་དུ་ལྷུང་ལ་ཉེ་བ་གང་གི་ཐུགས་བརྩེས་མ་བཟོད་པར།།

ཐབས་མཁས་ཐུགས་རྗེའི་རོལ་བ་ལ་བརྟེན་བློ་སྣ་ཆོས་ལ་བསྒྱུར་བ་ན།།

"སྟོན་པ་ཞེས་བྱ་ཁྱོད་ཉིད་དོ"་ཞེས་འཕགས་བོད་མཁས་པ་ཀུན་གྱིས་བསྔགས།།


ཧོར་ཟླ་དང་པོར་ཆོ་འཕྲུལ་གསུམ་གྱིས་ལོག་སྨྲའི་སྤོབས་པ་རྨང་ནས་བཅོམ།།

བདུད་ཀྱི་བུ་མོའི་བསླུ་བྲིད་འཛུམ་གྱིས་གང་གི་བ་སྤུའི་རྩེ་མ་གཡོས།།

མཐུན་མོང་གདུལ་བྱ་རྗེས་སུ་འཛིན་ཕྱིར་མཛད་ཆེན་བཅུ་གཉིས་སྟོན་པ་སོགས།།

གང་གི་གསང་གསུམ་མཁྱེན་བརྩེའི་གཏེར་ལ་གུས་མིན་བླུན་པོའང་སུ་ཞིག་མཆིས།།


ཟབ་གསལ་བདེན་བཞིའི་ཆོས་ཀྱི་གནས་ལུགས་འཁོར་བར་འཕྱན་པའི་འགྲོ་ལ་བདམས།།

རིགས་ཅན་སོ་སོའི་མོས་བློ་དང་བསྟུན་དྲང་ངེས་མདོ་རྒྱུད་སྣ་ཚོགས་གསུངས།།

རིགས་རུས་མི་གཙོ་གྲུབ་པ་གཙོ་ཞེས་བླ་མེད་གསུང་གིས་དབུགས་དབྱུང་བའི།།

བསྟན་པའི་སྙིང་པོ་མཆོག་ཏུ་ཤེས་ནས་རིག་གསར་དག་ཀྱང་འཇུག་ལ་བྲེལ།།


མང་མང་སྟོན་དང་བསྟན་པ་འདུག་ཀྱང་རིག་གསར་མགུ་བའི་ཆོས་ལུགས་ནི།།

གང་གསུང་རྟེན་འབྱུང་རིགས་པ་ཙམ་ལས་མོ་གཤམ་བུ་ཡི་ཟླ་བོ་ཉིད།།

སྲོལ་དང་ཞེན་འཛིན་ཨ་འཐས་བཅིངས་པའི་ཆོས་དང་ཆོས་ལུགས་པ་དག་ནི།།

ཕྱི་ཚུལ་ཤུན་པགས་ཇི་ཙམ་འཐུག་ཀྱང་དོན་གྱིས་ཁྱེད་ལ་འགྲན་ནུས་སུ།།


རྨོངས་དད་མཁར་རྫོང་མཐོངས་སུ་བརྩིགས་པའི་མུན་པའི་འདུ་ཤེས་དང་བྲལ་ནས།།

ཤེས་བྱའི་ཆོས་ཀུན་ཡུལ་དུ་བྱས་ནས་བདེན་རྫུན་བློ་ཡིས་ཕུ་ཐག་བཅད།།

མདོར་ན་དེང་དུས་རིག་གསར་པས་ཀྱང་མ་མཐོང་ཤེས་བྱའི་ཆོས་དུ་མ།།

གང་གིས་བསྲེགས་བཅད་བརྡར་གསུམ་ལམ་ནས་གླེགས་བམ་རི་བོའི་གཏོས་སུ་བཞག །


ཤུལ་བཞག་སྲབ་འཇམ་ངུར་སྨྲིག་གོས་ཀྱིས་གཟུར་གནས་མཁས་པའི་ཡིད་སེམས་འགུག།

མཐུན་མིན་བདག་པས་གཞན་གཅེས་ལམ་ཉིད་གོ་ལ་ཟླུམ་པོའི་གསོས་སུ་སྨིན།།

༧གོང་ས་མཆོག་ལ་ཀུན་གྱིས་བཀུར་བའང་གང་གསུང་དྲོན་མོ་དེ་ཡི་དྲིན།།

མདོར་ན་ཟླ་མེད་སྟོན་དང་བསྟན་པར་བླུན་པོ་བདག་ཀྱང་གུས་པ་འཕེལ།།


པདྨ་དགོས་འབྱོར་པས་སྤྱི་ལོ་ 2013 ལོའི་ཟླ་ 8 ཚེས་ 11 ཉིན་བྲིས།

 

ཡོངས་ཁུངས། འཚོལ་སྨྱུག་ཚོགས་ཀྱི་ངོ་དེབ་དྲྭ་བ།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།