རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 9 July 2020

བེ་རི་རྒྱལ་སྲས་རྩེ་ཕུད་དང་པོ་ལས་ངེས་པར་འབྱུང་བའི་གཏམ།

རྩོམ་པ་པོ། བེ་རི་རྒྱལ་སྲས།

གྲྭ་དམངས་སྟོང་ཕྲག་འཚོགས་པའི་དཀྱིལ་དུ། མཁན་རིན་པོ་ཆེ་དབུས་ནས་ཞལ་མར་འཁོར་ཞིང་། ཡོད་ཚད་ཀྱིས་ཅི་ཞིག་ལ་སྒུག་བཞིན་པ་ལྟར། མགོ་བོ་ཀྲོང་ངེར་བྱས་ནས་མཁན་པོའི་ཕྱོགས་སུ་ཅེར་བཞིན་པ་ན། རྒྱུགས་སྤྲོད་དོ་དམ་པས། “གཞུང་གསར་པའི་འཛིན་གྲྭའི་རྩེ་ཕུད་དང་པོ། ཏྲེ་ཧོར་དཔལ་ལྡན་རྣམ་རྒྱལ།” ཞེས་འབོད་པ་ན། གྲྭ་དམངས་ཡོད་ཚད་ཀྱིས་སུ་ཞིག་ཡིན་ནམ། སྙམ་སྟེ། མགོ་བོ་ཡར་མར་བཅུས་ནས་ལྟ་བཞིན་པ་ན། རང་ལོ་བཅུ་དྲུག་ལ་སོན་པའི་ཤ་སྐམ་ཞིང་རིད་པའི་གཞོན་ནུ་ཞིག་བྱ་འཕུར་བ་ལྟར་གྲལ་གཤམ་ཞིག་ནས་མཁན་པོའི་དྲུང་དུ། གཟེངས་རྟགས་ལེན་པར་བསྐྱོད་སོང་།


གྲྭ་དམངས་ཀྱིས་ཐལ་མོ་བརྡབ་པའི་འུར་སྒྲ་དང་། སུ་རེད་ཅེས་པའི་དྲི་ཚིག་གི་སྐད་ཆ་ལྡབ་ལྡིབ་ཅིག་གིས་བློ་གསལ་གླིང་གཙུག་ལག་ཁང་དེ་རེ་ཞིག་འདར་ཡོམ་ཡོམ་དུ་གྱུར། སྐམ་ལ་རིད་པའི་གཞོན་ནུ་དེས་འཁྱོག་མ་འཁྱོག་གི་གཟེངས་རྟགས་དེ་བླངས་ཤིང་། ཁ་བཏགས་ཨ་ཤི་རིང་པོ་ཞིག་སྐེ་ལ་གོན་ནས། མར་རྒྱུགས་ཡོང་བ་ན། ཁ་བཏགས་རིང་དྲགས་པ་དང་གཟུགས་པོ་ཆུང་དྲགས་པས་རྐང་འོག་ཏུ་བརྫིས་ནས་རྡོག་སྣ་ཐོགས་གྲབས་ཀྱིས་རྡོ་གཅལ་དུ་རིལ་ལ་ཉེ་ཡང་། ལོ་ཆུང་བས་ས་ལ་མ་བརྡབ་པར་མགྱོགས་མྱུར་ངང་རང་གི་གྲལ་མཚམས་སུ་བསྡད། དེ་ནི། ད་ནས་བརྩིས་པའི་མི་ལོ་བཅོ་བརྒྱད་གོང་གི་བེ་རི་རྒྱལ་སྲས་རེད། དུས་དེ་ནས་བཟུང་ལོ་ངོ་དུ་མའི་རིང་། རྩེ་ཕུད་དང་པོའི་ཞྭ་མོ་དེ་ནམ་ཡང་ཕུད་ཐུབ་མེད།


བློ་གསལ་གླིང་གཙུག་ལག་ཁང་གི་ཀུན་དགའ་ར་བའི་སྒེའུ་ཁུང་གི་གསེང་ནས་མི་ཞིག་གིས་ལྐོག་ལྟ་བྱེད་བཞིན་ཡོད་ལ། པུ་གུ་དེས་གཟེངས་རྟགས་བླངས་པར་དགའ་དྲགས་པས་མ་བཟོད་པར་མིག་ཆུའི་ཐིགས་པས་སྒེའུ་ཁུང་གི་ཁྲ་ཡོལ་བརླན་པར་བྱས་སོང་། དེ་ནི། ངའི་ཡབ་ཆེན་རེད་ལ། ཕྱིས་སུ་རབ་ཏུ་བྱུང་བའི་དགེ་སློང་འགྱུར་དགའ་རེད།


ད་ཆ་ལོ་ན་གང་འཚམ་སོན་ཅིང་། སྐྱིད་མ་སྡུག་གི་འཇིག་རྟེན་གྱི་བྱ་བར་ཉམས་མྱོང་མི་དམན་པ་ཙམ་བསགས་རྗེས། སྔར་སོང་གི་ལོ་རྒྱུས་དང་། རང་ཉིད་ཀྱི་འཚོ་བ་ལ་ཕྱིར་བལྟས་རེ་བྱེད་ཚེ། མཚམས་རེ་དགོད་བྲོ་ནས་བསྲན་མི་ཐུབ་པ་འགའ་ཡོང་ལ། སྐབས་རེར་ཡིད་སྐྱོ་བའི་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་ལྷུང་ཡོང་། ཡང་སྐབས་འགའ་རེར་རང་ཉིད་ཀྱི་རྐང་རྗེས་ལ་ཡིད་ཚིམ་པའི་མཆིལ་མ་སྟོང་ཕྲག་མང་པོ་མིད་དགོས་པ་ཡང་གྱུར། 



འགྲོ་བ་མི་ཞིག་གི་སྐྱེ་བ་བླངས་ཚད་ཐམས་ཅད་ཀྱིས། རང་ཉིད་ཁོར་ཡུག་ཆེ་ཆུང་ཇི་འདྲ་ཞིག་གི་ནང་གནས་མིན་ལ་མ་ལྟོས་པར། རང་རང་ལ་དཔག་པའི་ང་རྒྱལ་ཆུང་ངུ་རེ་ཡོད་ངེས་ལ། ང་རྒྱལ་དེ་ཉིན་རེ་ནས་ཉིན་རེ་ཇེ་རྒྱས་སུ་གཏོང་བའི་ཐབས་ལ་བརྩོན་པར་བྱེད། བདག་ཀྱང་དེ་དང་མཚུངས་པར། རང་ལོ་བདུན་གྱི་ཐོག་འབྲས་སྤུངས་དགོན་དུ་ཞུགས་རྗེས། བློ་གསལ་གླིང་གི་སློབ་གྲྭར་ཚུད་པ་ནས། རང་ནུས་ཅི་ལྕོགས་ཀྱིས་བློ་འཛིན་སོགས་ཧུར་ཐག་བྱས་ཏེ། གང་འཚམ་སོང་རྗེས་སློབ་གྲྭའི་ནང་རྒྱུགས་སྤྲོད་ནམ་ཡིན་ལ་རྩེ་ཕུད་དང་པོ་ཤ་སྟག་ཐོབ་བྱུང་། རྩེ་ཕུད་ཀྱི་གཟེངས་རྟགས་དེ་ལེན་རིམ་བཞིན་ངའི་ཉེ་འཁོར་གྱི་དགེ་རྒན་དང་། སྤུན་ཉེ་ཐམས་ཅད་ཀྱིས་ལེགས་སོ་བསྔགས་བརྗོད་དང་། དགའ་བསུ་མཚོན་བྱེད་དུ་སྒོར་མ་ཁ་ཤས་ཀྱང་རྔན་པར་སྟེར་འོངས། དེས་མ་ཚད། སློབ་སྦྱོང་ཡག་པོ་བྱས་འདུག མུ་མཐུད་ནས་དེ་འདྲ་བྱོས་ཨ། ཞེས་ཁ་ཏ་བསླབ་བྱ་གནང་། ངས་བསམ་པར་སློབ་སྦྱོང་ཡག་པོ་ཞེས་པ་དེ་ནི། རྒྱུགས་སྤྲོད་ནང་རྩེ་ཕུད་ལེན་རྒྱུ་དེ་རེད་སྙམ་ཞིང་། ཤུགས་ཡོད་ཚད་དྲི་བ་དྲིས་ལན་བློ་ལ་འཛིན་རྒྱུ་དང་། རྒྱུགས་སྤྲོད་ལ་གྲ་སྒྲིག་བྱེད་རྒྱུའི་དོན་དུ་བཏང་ནས། ལོ་སྟར་རྩེ་ཕུད་དང་པོ་ལེན་ཨེ་ཐུབ་ཀྱི་ཐབས་ཤེས་བྱས་ལ། ལོ་སྟར་རྩེ་ཕུད་དང་པོ་ཤ་སྟག་ཐོབ་བྱུང་།


ལོ་ཤས་སོང་བའི་རྗེས། རང་ཉིད་ཀྱིས་ཅི་ཞིག་སྦྱོང་བཞིན་པ་འདི་ཕྱིས་སུ་རང་ཉིད་ལ་ཕན་ཐོགས་ཡོད་མེད་ཀྱི་ཐད་བསམ་གཞིགས་ཐེངས་ཁ་ཤས་བྱེད་དགོས་པར་གྱུར། ཡིན་ཡང་། སློབ་སྦྱོང་ཡག་པོ་ནི། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཉིད་ལ་བརྟེན་པའི་སྤྱི་ཚོགས་ཀྱི་བསམ་བློ་དེའི་རྐྱེན་གྱིས། མུ་མཐུད་ནས། སྐབས་རེར་སློབ་དེབ་ཡོངས་རྫོགས་བློ་ལ་བཟུང་བ་དེ་འདྲ་ཡང་བྱས་ཏེ། དུས་ཚོད་དང་ནུས་པ། རྣམ་དཔྱོད་དང་རིག་རྩལ་ཡོད་ཚད་རྒྱུགས་སྤྲོད་ཁོ་ནའི་ཆེད་དུ་བསྐྱལ།


སློབ་གྲྭའི་འཛིན་རིམ་བདུན་པར་སླེབས་པའི་དུས་ཤིག་ལ། སློབ་གྲྭའི་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་གནང་སྟེ། སློབ་གྲྭར་འགྲིམ་བཞིན་པ་རྣམས་ཀྱང་། གཞུང་ཆེན་བལྟས་ནས་གྲྭ་ཚང་གི་རྒྱུགས་ཁོངས་སུ་ཞུགས་དགོས་པའི་བཀའ་ཁྱབ་གནང་སྐབས། བདག་ཀྱང་གྲྭ་ཚང་གི་རྒྱུགས་ཁོངས་སུ་ཞུགས་ཏེ། སློབ་གྲྭ་དང་གྲྭ་ཚང་གཉིས་ཀའི་རྒྱུགས་སྤྲོད་ནང་། ལོ་སྟར་རྩེ་ཕུད་དང་པོ་ཤ་སྟག་བླངས་པ་ཡིན། འོན་ཀྱང་། རང་ཉིད་ཀྱི་བསམ་བློའི་ནང་། གང་ཞིག་ཚང་མེད་པ་དང་། ཅི་ཞིག་ནོར་སོང་བའི་ཚོར་བ་ཞིག་རྒྱུན་དུ་འབྱུང་ཡང་། ད་དུང་ཇི་སྙམ་པར། རྒྱུགས་སྤྲོད་ཁོ་ནའི་ཆེད་དུ་བརྩོན་ཞིང་། རྩེ་ཕུད་དང་པོ་ཁོ་ནའི་དོན་དུ་འབད་པས། རྒྱུན་ལྡན་ཉེ་བར་མཁོ་བའི་དཔེ་ཀློག་མང་པོ་ཞིག་བྱེད་ཁོམ་མེད་པར་གྱུར་ལ། མི་ཚེར་དགོས་གལ་ཆེ་བའི་སློབ་སྦྱོང་མང་པོ་ཞིག་ཀྱང་སློབ་ཁོམ་མེད་པར་གྱུར། མདོར་ན། ངས་སྦྱངས་པ་ནི་རྒྱུགས་སྤྲོད་ཀྱི་དྲིས་ལན་རེད་ལ། ངའི་ཕུགས་བསམ་དེ་ཡང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རེད། ད་དུང་ངའི་འཛམ་གླིང་ཡང་གྲྭ་ཚང་གི་ར་བ་འདི་རང་རེད།

                                  

བདག་ནི་ཆུང་དུས་ནས། ལྟ་བ་གྲུབ་མཐའ། སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། སྒྲུང་གཏམ་རྩོམ་རིག རྒྱལ་རབས་ཆོས་འབྱུང་། རྣམ་ཐར་དེབ་ཐེར། དབྱིན་ཇི་ཧིན་དྷི་སོགས་རིག་པའི་གནས་མང་པོ་ཞིག་ལ་དོ་དབྱིངས་ཆེན་པོ་ཡོད་ཀྱང་། རྒྱུགས་སྤྲོད་ཀྱི་འགྲན་རྩོད་དེར་ཞུགས་པ་ནས་བཟུང་། ཐམས་ཅད་བདག་དང་ཇེ་རིང་དུ་གྱུར་སོང་། རྩེ་ཕུད་དང་པོའི་མིང་སྐམ་པོ་དེ་ལ་ཆགས་པ་ནས་བཟུང་། རང་ཉིད་དགའ་སའི་སློབ་སྦྱོང་ངོ་མ་དེ་ཇེ་ཞན་དུ་གྱུར་སོང་།


ཉིན་ཞིག ད་ནི་རྩེ་ཕུད་དང་པོ་འཐོབ་ཐབས་ནམ་ཡང་མི་བྱེད་སྙམ་སྟེ། ཕུགས་སུ་ཕན་པའི་དཔེ་ཀློག་འདྲ་མིན་བྱེད་མགོ་བརྩམས་པ་ན། གལ་ཏེ་བདག་གིས་རྩེ་ཕུད་དང་པོ་མ་བླངས་ན། ངའི་ཨ་ཕ་སེམས་པ་སྐྱོངཡོང་དྲན་ཞིང་། ཅི་སྟེ་ངའི་ཨ་ཕས་ཡི་གེ་ཕྲན་ཙམ་ཤེས་ན། ང་ལ་སློབ་སྦྱོང་ངོ་མ་ཅི་འདྲ་ཞིག་ཡོད་མེད་ཤེས་ཐུབ་ཀྱང་། ངའི་ཨ་ཕས་ནི། ཡི་གེ་གཏན་ནས་མི་ཤེས། ད་དུང་། ལོ་གཅིག་གི་རིང་། ངའི་ཨ་ཕའི་གདོང་ལ་མངོན་པའི་འཛུམ་ཆེ་ཤོས་དེ་ནི། ངས་རྒྱུགས་སྤྲོད་ནང་རྩེ་ཕུད་དང་པོ་བླངས་ཏེ། གཟེངས་རྟགས་ཤག་ཏུ་ཁྱེར་ནས་སླེབས་པའི་ཉིན་མོ་དེ་རེད། དེས་ན། ངའི་ཨ་ཕའི་སེམས་དགའ་བའི་ཚོར་བ་དེ་འགོག་འདོད་མི་འདུག་ལ། ཡིད་སྐྱིད་པའི་འཛུམ་ཟེར་དེ་ནམ་ཡང་སྒྲིབ་འདོད་མི་འདུག ད་དུང་མི་ཚོགས་ཀྱི་ཁྲོད་མགོ་བོ་བཏེགས་ཏེ་འགྲོ་བའི་སྤོབས་པ་དེ་ཆུང་དུ་གཏོང་འདོད་ཡེ་ནས་མི་འདུག

                                     

དེས་ན། ངས་མི་འདོད་བཞིན་དུ། རྒྱུགས་སྤྲོད་ལ་བརྩོན་ཞིང་། ལྷག་པར་རྩེ་ཕུད་དང་པོ་ཟེར་བའི་ཤོག་བུ་ཆུང་ཆུང་དེའི་དོན་དུ་དཀའ་ལས་མུ་མཐུད་ནས་རྒྱབ། ལས་དབང་ཞིག་གིས་སམ་སྟེས་དབང་ཞིག་གིས་ལོ་སྟར་གཟེངས་རྟགས་དེ་ཐོབ་འོངས། ཡིན་ཡང་། ང་ལ་མཚོན་ན་དགའ་ཚོར་གང་ཡང་མི་འདུག རྒྱུ་མཚན་ནི། སྐབས་དེ་དུས་ནས། དབྱིན་ཇི་ཕྲན་བུ་ཤེས་པས། འཛམ་གླིང་སྤྱིའི་གནས་ཚུལ་ཡང་ཅུང་ཙམ་རྒྱུས་ཡོད་སྟབས། རང་རེའི་དགོན་པ་ཞིག་གི་འཛིན་གྲྭ་གཅིག་གི་ནང་། རྩེ་ཕུད་དང་པོ་བླངས་པ་ནི། ཧ་ཅང་ཆུངས་པ་དང་། དེའི་ནང་རྩེ་ཕུད་ཐོབ་པ་ལ་དགའ་ཚོར་དེ་ཙམ་བྱེད་འོས་མེད་པར་མ་ཟད། དེའི་ཆེད་དུ་རྩོད་ལེན་བྱེད་པ་ནི་ཅུང་ཡ་ང་བ་དང་། མིག་རྒྱངས་ཐུང་དྲགས་པའི་ཚོར་བ་ཞིག་ཀྱང་ངང་གིས་སྟེར།


དེས་ན། ཉིན་ཞིག ངས། “ཨ་ཕ། ཁྱོད་ཀྱིས་བསམ་པར། ངས་སློབ་སྦྱོང་གང་འདྲ་བྱེད་ཀྱི་འདུག “ཅེས་དྲིས་པར། ཨ་ཕས། “ཁྱོད་ཀྱིས་ལོ་སྟར་གྲྭ་ཚང་དང་སློབ་གྲྭ་གཉིས་ཀའི་ནང་རྩེ་ཕུད་དང་པོ་ཤ་སྟག་ལེན་གྱི་འདུག མི་ཚང་མས་ཁྱོད་སློབ་སྦྱོང་ཡག་པོ་འདུག་ཟེར་གྱི་འདུག ང་འདོད་པ་ཁེངས་ནས་བསྡད་ཡོད།” ཟེར། སྐབས་དེ་དུས། ངས། “ཨ་ཕ། དོན་ངོ་མ་བྱེད་ན། ངའི་སློབ་སྦྱོང་དེ་རྒྱུགས་སྤྲོད་ཀྱི་རྩེ་ཕུད་དང་པོ་དེ་ལས་ལྷག་གི་རེད། ད་ནས་བཟུང་རྩེ་ཕུད་ལེན་རྒྱུ་གཡུག་བཞག་ན།” ཞེས་བཤད་མ་ཐག་ཏུ། ཨ་ཕས། “ཅི་ཟེར་ལེ་རེད། ཁྱོད་རྩེ་ཕུད་དང་པོ་དེ་ལེན་དུས། ངའི་སེམས་པ་དེ་གཅིག་དགའ་དུ།” ཞེས་ཟེར་བས། དུས་དེ་ནས་བཟུང་། རྩེ་ཕུད་དང་པོ་དེ་ལེན་རྐྱང་བྱས་པ་ལས། དེ་ལས་ཕྱི་བཤོལ་བྱེད་པའི་བསམ་བློ་དེ་ཡོངས་སུ་བརྗེད་དུ་བཅུག་པ་ཡིན།

                                  

ཁྱེད་རྣམ་པས་ཕལ་ཆེར་མཁྱེན་གྱི་རེད། རྒྱུགས་སྤྲོད་ཀྱི་ཆེད་དུ་སློབ་སྦྱོང་བྱེད་སྐབས། རང་ལ་དགོས་མཁོ་དེ་ཙམ་མེད་པའི་གྲངས་འདྲེན་དང་། རང་ཉིད་ཀྱི་དོ་དབྱིངས་དེ་ཙམ་མེད་པའི་བརྗོད་བྱ་མང་པོ་ཞིག་ལ་མི་འདོད་བཞིན་དུ་སྦྱོང་དགོས་འཁེལ་རྒྱུ་རེད། དེ་ལ་བརྟེན་ནས། རང་ཉིད་དོ་སྣང་ཡོད་ས། གནད་འགག་ཆེ་ས། སྦྱོང་འདོད་ས་མང་པོ་ཞིག་མི་འདོད་བཞིན་དུ་ཟུར་དུ་བཞག་དགོས་འཁེལ་བ་ཡང་ཆོས་ཉིད་རེད།


    དེས་ན། ཉིན་ཞིག ང་ཚོ་རྒན་ཕུན་ཚོགས་དོན་གྲུབ་མཆོག་(ངའི་རྟགས་རིགས་ནས་བཟུང་སྟེ་དཔེ་ཁྲིད་ཞུ་སའི་དགེ་བའི་བཤེས་གཉེན་ཡིན།)གི་དྲུང་དུ། དཔེ་ཁྲིད་ཞུ་བཞིན་པའི་སྐབས་ཤིག་ལ། རྒན་ལགས་ཀྱིས། “དཔེ་ཆ་ལྟ་སྐབས། བློ་འཛིན་རྐྱང་པ་ལ་ཤུགས་བརྒྱབ་ནས་ཤོག་བུ་མང་པོ་དེ་འདྲ་རྒྱུགས་སྤྲོད་ཨེ་ཐུབ་མི་ཐུབ་ལྟ་དགོས་མ་རེད། དེ་ལས། གཞུང་ཆེན་ལྟ་སྐབས། ཆོས་བརྒྱུད་དང་མཁས་པ་མི་འདྲ་བ་མང་པོའི་གསུང་ལ་ལྟ་ཀློག་བྱེད་དགོས། ལྟ་བའི་སྐོར་ལྟ་སྐབས། བཀའ་བརྒྱུད་པའི་ལྟ་བའི་རྣམ་གཞག་དེ་རང་རེ་དགེ་ལྡན་པའི་ལྟ་བ་དང་མི་འདྲ་བ་མང་པོ་ཡོད་རེད། དཔེར་ན། བཀའ་བརྒྱུད་པས། ཡོད་པ་མ་ཡིན་རྒྱལ་བས་མ་གཟིགས་ཤིང་།། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་རྟེན།། གསུང་གི་རེད། དེ་ཚོ་ལ་དོ་སྣང་གྱིས། དེ་དང་རང་རེའི་ལྟ་བའི་རྣམ་གཞག་ལ་ཁྱད་པར་གང་ཡོད་ལ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཚོ་ཕུགས་རྒྱངས་རིང་པོ་ལ་ཕན་ཐོགས་ཡོད་རེད། དེ་མི་བྱེད་པར་རྒྱུགས་སྤྲོད་གཅིག་པུ་ལ་ཤུགས་རྒྱབ་ནས། རྩེ་ཕུད་འདྲ་ཨེ་རག་རྐྱང་རྐྱང་ལྟ་བསྡད་རྒྱུ་ཡོད་མ་རེད།” ཅེས་གསུངས་པའི་སྐབས་དེར། གློ་བུར་དུ་ངས་རྩེ་ཕུད་བླངས་ཀྱི་ཡོད་པ་ཐུགས་དྲན་གསོས་ནས། “དཔའ་རྒྱ། ཁྱོད་རྩེ་ཕུད་ལེན་དགོས་རེད་ད།” ཞེས་བཞད་མོ་དང་འཚེར་སྣང་འདྲེས་པའི་ངང་ནས་གསུངས་པ་ད་ལྟའང་དྲན།


དོན་ངོ་མར་བྱས་ན། ང་ཡང་རྩེ་ཕུད་ལེན་འདོད་གཏན་ནས་མེད། རྒྱུགས་སྤྲོད་ཟེར་བའི་ལམ་ལུགས་ངན་པ་དེ་ལ་འདོད་མོས་ཡེ་ནས་མེད། འོན་ཀྱང་། མཚམས་རེར་རང་ཉིད་གང་དུ་བསྐྱོད་པའི་ལམ་བུ་དེ་རང་ཉིད་ལ་མི་དབང་བར་གྱུར་དུས། སུ་ཞིག་འཁང་ར་བྱེད་དགོས། གང་ཞིག་ལ་སྨྲེ་ངན་འདོན་དགོས།


ད་དུང་། རྩེ་ཕུད་དང་པོ་ལེན་དང་མི་ལེན་ནི། འགྲན་རྩོད་ཡིན་ལ། འགྲན་རྩོད་ལ་ནམ་ཡང་ཞི་བདེ་དང་འཆམ་མཐུན་མེད། མཚམས་རེར་རྩེ་ཕུད་དང་པོ་འགྲན་རྩོད་པ་ཅུང་གྲགས་ཆེ་བ་དེ་འདྲ་སླེབས་ན། ང་ལ་དགའ་བའི་མི་དག་ངའི་འགྲམ་དུ་སླེབས་ནས། “ད་ལོ་ཤུགས་རྒྱོབས་མ་གཏོགས། འགྲན་རྩོད་པ་སྐད་གྲགས་ཆེན་པོ་ཞིག་འདུག་ད།” ཞེས་སེམས་ཁུར་མཚོན་པའི་ཁུལ་གྱིས་བཤད་འོངས་ཀྱང་། ང་ལ་མཚོན་ན། སེམས་ཁུར་ཞིག་མིན་པར། འགྲན་རྩོད་ཀྱི་མེ་ལྕེ་སྤར་བ་རང་ཡིན། ད་དུང་། ང་ལ་མི་དགའ་བའི་མི་དག་གིས། རྣ་བའི་རྒྱབ་ཕྱོགས་ཤིག་ནས། “ད་ལོ་ལྟོས་ཨ། རྩེ་ཕུད་ལེན་ཐུབ་ལེ་མ་རེད།” ཅེས་མི་དགའ་བའི་ཕྲག་དོག་གིས་སྡིགས་འོངས་པས། དེ་ནི། རང་ཉིད་སོ་སྐྱེ་ཐ་མལ་ཞིག་ཡིན་པའི་ཆ་ནས། འཁོན་འཛིན་གྱི་རྩ་བ་ཞིག་ཏུ་གྱུར་ཏེ། སྙིང་གི་དཀྱིལ་ནས། “ཡ་ཡ། ད་ལོ་ལྟོས་ཨ། ངས་རྩེ་ཕུད་དང་པོ་སྐད་གྲགས་ཡོད་པ་ཞིག་བླངས་ནས། ཁོང་ཚོ་ཁ་གྲག་རྒྱུ་མེད་པ་བཟོ་ཡོང་།” ཞེས་པའི་ང་རྒྱལ་གྱི་སྐད་སྒྲ་གློ་སྙིང་གི་གསེབ་ནས་གྲགས་པ་རྣ་བས་ཀྱང་ཐོས་འོངས།


དེ་ལྟར། ནུས་ཤུགས་ཡོད་ཚད་རྒྱུགས་སྤྲོད་ལ་བསྒྲིམས་པས། ལོ་མཇུག་དེར། ཁོ་བོས་རྩེ་ཕུད་དང་པོ་བླངས་རྗེས། མི་དེ་དག་གིས་མཐོང་སར་རྐང་བཙུགས་ནས་བསྐྱོད་ཁུལ་བྱས་ཀྱང་། མཐར་རང་ཤག་ཏུ་འོངས་ནས་བསམ་བློ་ཞིབ་ཏུ་བཏང་རྗེས། རང་ཉིད་ཀྱི་བྱ་བ་དེར་སྙིང་པོ་ཅི་ཡང་མེད་པར་མཐོང་ནས། རང་ཉིད་རང་ལ་ཤ་ཚ་སྐྱེ་འོངས་ལ། མི་དེ་དག་ལ་དེ་བས་ཀྱང་སྙིང་རྗེ་སྐྱེ་འོངས། ད་དུང་། མི་བརྒྱ་ཕྲག་གཅིག་ཙམ་གྱི་ནང་ནས་རྩེ་ཕུད་ཅིག་རག་པར་ངོ་མཚར་རྒྱུ་ཅི་ཡོད། ད་ལོ་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཀྱི་འགྲན་རྩོད་དང་། ད་དུང་། འཛམ་གླིང་གི་རྩོམ་རིག་འགྲན་བསྡུར། ཤེས་རིག་འགྲན་བསྡུར་སོགས་ལ་བསམ་ཚེ། བདག་གི་རྩེ་ཕུད་དང་པོ་དེ་ནི། བརྗོད་ན་ངོ་ཚ་དགོས་པ་ཞིག་ལས། ངོམ་འོས་པ་ཞིག་གཏན་ནས་མིན་སྙམ་ནས། རང་ཉིད་ངོ་ཚ་ཁ་སྐྱེངས་ཀྱིས་མཚམས་རེར་ཕྱི་རོལ་ཏུའང་དོན་མི་ཐུབ་པར་གྱུར།


དེ་ལྟར་ལོ་ཤས་སོང་རྗེས། སྟབས་མ་ལེགས་ཤིང་། ལས་ངན་པའི་འབྲས་བུ་མགོ་ཐོག་ཏུ་ལྷུང་བ་སྟེ། བདག་གི་ཡབ་ཆེན་ནད་མནར་དྲག་པོ་ཞིག་གི་རྐྱེན་གྱིས་ཚེ་ལས་འདས་སོང་བར། སྐྱོ་བ་ཚད་མེད་བྱུང་ཞིང་། ད་ནི་བདག་ལ་སེམས་ཁུར་བྱེད་མཁན་སུ་ཞིག་ཀྱང་མེད་སྙམ་སྟེ། ཡིད་ཐང་ཆད་དེ་ལུས་པའི་སྐབས་ཤིག་ལ། ཡང་ཉེ་འཁོར་དུ་ཡོད་པའི་བདག་ལ་ཕྲག་དོག་གིས་མི་བཟོད་པ་དག་གིས། “ད་ལྟོས་ཨ། ད་ལོ་འགྲན་རྩོད་པའང་སྐད་གྲགས་ཧ་ཅང་ཆེན་པོ་ཞིག་འདུག ཁོ་ལ་བདག་སྐྱོང་བྱེད་མཁན་ཡང་ཡོད་མ་རེད། ད་ཞབས་འདྲེན་ཞུ་གི་རེད།” ཅེས་ཟེར། སྐད་ཆ་དེ་དག་ནི། ཉམས་མྱོང་དམན་པའི་གཞོན་ནུ་ཞིག་ལ་མཚོན་ན། སྣང་མེད་དུ་གཏོང་ཐུབ་པ་ཞིག་གཏན་ནས་མ་རེད། དེས་ན། ངས་བྱེད་རྒྱུ་ནི། ནུས་ཤུགས་བསྒྲིམས་ནས་སླར་ཡང་རྩེ་ཕུད་དང་པོ་ཟེར་བའི་ཤོག་བུ་ལྷབ་ལྷབ་དེ་ལེན་རྒྱུ་དེ་རེད།


ཧ་ལམ་གྲྭ་ཚང་གི་གྲྭ་པ་ཕལ་མོ་ཆེས་མིག་ཅེར་ཅེར་གྱིས་ལྟ་བཞིན་པའི་འགྲན་རྩོད་དེའི་ཁྲོད་ནས། ཁོ་བོས་རྩེ་ཕུད་དང་པོ་ཟེར་བའི་ཤོག་ལྷེ་བླངས་པ་ཡིན། སྲང་ལམ་དང་ཇ་ཁང་ཡོད་ཚད་ངའི་ཤོག་ལྷེ་དེའི་སྐོར་གླེང་བཞིན་པའི་སྐབས་དེར། ཁོ་བོ་རང་ཤག་ཏུ་འཛུལ་ནས། སེམས་པ་སྐྱོ་ལྷང་ལྷང་ངང་རང་ཉིད་ཀྱི་སེམས་ལ་དམ་བཅའ་ཞིག་བཞག་པ་ཡིན། དེ་ནི། ད་ནས་བཟུང་། རྩེ་ཕུད་དང་པོ་ཟེར་བ་དེ་གཏན་ནས་མི་ལེན་པར། ཕུགས་རྒྱངས་རིང་པོ་ལ་ཕན་ངེས་ཀྱི་སློབ་སྦྱོང་ཞིག་བྱེད་རྒྱུའི་ཁས་ལེན་བྱས་པ་ཡིན། དེ་ནས་བཟུང་། དཔེ་དེབ་བརྒྱ་ཕྲག་བརྒལ་བ་ཀློག་ཅིང་། རྩོམ་ཡིག་འབྲི་དེབ་བཅུ་ཕྲག་གསུམ་བཞི་ཙམ་བྲིས། དུས་དེ་ནས་བཟུང་། མི་ཡིས་ཅི་ཟེར་ལ་ཉན་དགོས་པའི་བྲན་གཡོག་དེ་བྱེད་མི་དགོས་པར་གྱུར། དུས་དེ་ནས་བཟུང་། ངས་སློབ་སྦྱོང་ངོ་མ་དེ་བྱེད་མགོ་བཙུགས་པ་ཡིན། དུས་དེ་ནས་བཟུང་། ང་ངོ་མ་མི་ཞིག་ཏུ་གྱུར་པ་རེད།


དེ་ནས་བཟུང་། ངའི་མིག་རྒྱངས་དེ་འཛམ་གླིང་ལ་ཟུག་ཅིང་། ངའི་ཕུགས་བསམ་དེ་མི་རིགས་ལ་བཅངས་སོང་། ངའི་སྙིང་དམར་པོ་འདི་ཡང་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ལྡིང་སོང་། ད་དུང་ངའི་མི་ཚེ་འདི་དོན་སྙིང་དང་ལྡན་པ་ཞིག་ཏུ་གྱུར་སོང་། ལོ་གཅིག་གཉིས་ཤིག་གི་གོང་དེར། ངས་མ་ཡོན་(Jackma)གྱི་སྐད་ཆ་ཞིག་ལ་ཉན་པ་ཡིན། ཁོང་གིས་འདི་ལྟར་བཤད་སོང་། ངས་རང་གི་ཕྲུ་གུ་ལ་འཛིན་གྲྭའི་ནང་ཨང་དང་པོ་ལེན་ཐབས་བྱེད་མི་དགོས་ཞེས་བཤད་ཀྱི་ཡོད། གལ་ཏེ་ཁྱོད་ཀྱིས་འཛིན་གྲྭའི་ནང་ཨང་དང་པོ་ལེན་ཐབས་ལ་བརྩོན་སོང་ན། དེའི་ཆེད་དུ་འབད་དྲགས་ནས། མི་ཚེའི་ནང་ངེས་པར་ཤེས་དགོས་པའི་སློབ་སྦྱོང་མང་པོ་ཞིག་སྦྱོང་རྒྱུའི་གོ་སྐབས་མེད་པར་འགྱུར་འགྲོ། དེས་ན། འཛིན་གྲྭའི་སློབ་སྦྱོང་དེ་འབྲིང་ཙམ་ལ་བསྡད་ནས། རྗེས་མར་མི་ཚེའི་ནང་དགོས་གལ་ཆེ་བའི་སློབ་སྦྱོང་མང་ཙམ་བྱེད་དགོས། ཞེས་ཁ་ཏ་བྱེད་ཀྱི་ཡོད། ཅེས་ཟེར་བ་འདི་ཐོས་སྐབས། རང་ཉིད་ཀྱི་གདམ་ག་དེ་དབང་མེད་དུ་ཡིད་ལ་ཤར་འོངས་ལ། དེ་བདེན་ནོ།། དེ་ཧ་ཅང་བདེན་ནོ།། ཞེས་པའི་མོས་མཐུན་གྱི་ཚིག་ཅིག་ཀྱང་དབང་མེད་དུ་ཤོར་སོང་།


གལ་ཏེ། ངས། སྔོན་མར་ཆུང་དུས་བཞིན་རྩེ་ཕུད་དང་པོ་ལེན་རྒྱུའི་བསམ་བློའི་བྲན་གཡོག་ལས་ཐར་མེད་ན། ད་ལྟ། རྩོམ་རིག་སྨྲ་བའི་ལྕེ་རྩེ་རྣོན་པོ་འདི་ག་ལ་སྐྱེས། སྙན་ངག་འབྲི་བའི་ལག་པ་བདེ་མོ་འདི་གང་ནས་འབུས། སྒྲ་རིག་སློབ་པའི་རྣམ་དཔྱོད་མྱུར་མོ་འདི་ཅི་ལ་འབྱུང་། རྒྱལ་རབས་ལོ་རྒྱུས་འཆད་པའི་ངག་མདུད་འདི་ག་ལ་གྲོལ། རིགས་ཀྱི་འགན་འཁྲི་ཁུར་བའི་ཕྲག་པ་འདི་ག་ལ་ཡོང་། ད་དུང་། གཞུང་ཆེན་གྱི་གནད་ཀ་འགྲེལ་བའི་བློ་གྲོས་འདི་ཅི་ལ་འཁྲུངས། ད་དུང་ཡང་།


དེས་ན། ང་རྒྱུགས་སྤྲོད་ལ་ཞེན་ཁ་ལོག་ཅིང་། འགྲན་རྩོད་ལ་སྐྱུགས་མེར་ལང་བའི་ཉིན་མོ་དེ་ནས་བཟུང་། ང་ནི་ཆེས་རང་དབང་ལྡན་པའི་ཐང་དཀར་རྒོད་པོ་ཞིག་ཏུ་གྱུར་སོང་ལ། ང་གཞན་ལས་མཆོག་ཏུ་འགྱུར་འདོད་ཀྱི་བསམ་བློ་ལ་རྫོགས་ཚིག་འཐེན་པ་ནས་བཟུང་། ང་ནི་རིགས་ཀྱི་འགན་འཁུར་བའི་མཐོ་སྒང་གི་གཡག་རྒོད་ཅིག་ཏུ་གྱུར་སོང་། ༢༠༢༠ཟླ་བཚེས༡༥ཉིན། རྒྱ་གར་འབྲས་སྤུངས། ཕྱི་དྲོ། ཚོད། ༨། སྐར་མ༤༧།

 

ཡོངས་ཁུངས། རྩོམ་ཡིག་པར་དང་བཅས་པ་རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

 


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།